རྒྱལ་གཅེས་དཔའ་བོ་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༤ ཉིན་བོད་མདོ་སྨད་ཨ་མདོ་རྔ་པའི་ནང་སླར་ཡང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་ཅན་གྱི་སྲིད་བྱུས་ཁག་ལ་ཞུ་འབོད་སླད་གཞོན་སྐྱེས་རྡོ་པོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་ “རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་བརྟན་དགོས། གསེར་ཞལ་མྱུར་ཏུ་མཇལ་བར་ཤོག” ཅེས་སྐད་འབོད་གནང་མཐར་འདས་གྲོངས་སུ་ཕྱིན་ཡོད་འདུག ཁོང་ནི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་བྱ་སྐོར་སྡེ་བ་ནས་ཡིན་པ་དང་། རང་ལོ་ ༢༣ ཕ་མིང་ལ་གཅོད་པ། མ་མིང་ལ་འཕྲིན་ལས་སྐྱིད་ཡིན་ཞིང་ཨ་མ་ལགས་ལོ་ཤས་གོང་ནས་གྲོངས་འདུག དེང་སྐབས་ཁོང་ཨ་ཞང་འཇམ་དཔལ་གྲགས་པ་ཚང་གི་ནང་ལ་གཏན་སྡོད་བྱས་ཡོད་འདུག ཁོང་འདས་གྲོངས་སུ་སོང་པའི་རྗེས་སུ་སྐུ་ཕུང་རྒྱ་གཞུང་གིས་འཕྲོག་ཡོད་མེད་དང་ཤུལ་ལུས་ནང་མིའི་གནས་སྟངས་ཅི་ཡིན་སོགས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད། བྱ་སྐོར་སྡེ་བ་ནི་དེང་སང་རྒྱ་གཞུང་གིས་བཅད་བགོས་བྱས་པའི་རྔ་པ་རྫོང་ཆོས་རྗེ་མ་ཡུལ་ཚོའི་རུ་ཆེན་གཉིས་པ་ཡིན་པ་དང་། འཚོ་ཐབས་ནི་འབྲོག་ལས་ལ་བརྟེན་པའི་འབྲོག་སྡེ་ཞིག་ཡིན་འདུག ཁོང་གི་ཤུལ་ལུས་ནང་མི་ལྟོས་བཅས་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན།

ད་བར་བོད་ནང་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་བོད་མི་ ༡༥༣ གྱིས་རང་ལུས་མེར་བསྲེགས་གནང་བའི་ཁོངས་ ༡༣༡ འདས་གྲོངས་སུ་ཕྱིན་པ་ཁ་གསལ་བྱུང་ཡོད་ནའང་གཞན་རྣམས་ཀྱི་གནས་སྟངས་ཁ་གསལ་ཤེས་རྟོགས་ཐུབ་མེད། རང་ལུས་མེར་བསྲེགས་གནང་མཁན་དེ་རྣམས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོས་ལེན་མེད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་དགོས་པ། བོད་ལ་རང་དབང་དགོས་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དང་སྐད་ཡིག་ལ་རང་དབང་དགོས་པ། བོད་ཀྱི་རང་བྱུང་ཁོར་ཡུག་ལ་བདག་སྐྱོང་དགོས་པ། བོད་མིར་དྲག་གནོན་མཚམས་འཇོག་དགོས་པ་སོགས་ཀྱི་དགོས་འདུན་རྒྱུན་ཆད་མེད་པར་བཏོན་གནང་ཡོད་ནའང་རྒྱ་གཞུང་གིས་དེ་རྣམས་ལ་བདག་སྤྲོད་ཡ་ལན་རྩ་བ་ནས་མེད་པར་བརྟེན། ད་དུང་ཡང་བོད་མི་རྣམས་ཀྱིས་མུ་མཐུད་རང་ལུས་མེར་བསྲེགས་གཏོང་དགོས་ཆགས་ཀྱི་ཡོད་པས་རྒྱ་ནག་གཞུང་གིས་གནད་དོན་འདི་རིགས་ལ་གོ་མེད་ཚོར་མེད་དུ་བསྡད་ན་རྩ་བ་ནས་མི་འགྲིག་པ་དང་། བོད་མི་མང་སྤྱི་འཐུས་གྲོས་ཚོགས་རིམ་པའི་ནང་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཁག་བཞག་ཡོད་པའི་ནང་དོན་ལྟར་རྒྱ་གཞུང་ནས་བོད་མི་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་ཞལ་ཆེམས་དང་གདུང་འབོད། དགོས་འདུན་བཅས་ལ་བདག་སྤྲོད་དགོས་པ་དང་། བོད་ལ་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་བསྒྱུར་བཅོས། བོད་རྒྱ་གཉིས་སྨན་གྱི་ཞི་འགྲིག་གྲོས་མོལ་མྱུར་མཐུད་དགོས་པ།

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་སྤྱི་དང་བྱེ་བྲག་ཏུ་དེང་སྐབས་སུད་སི་ཇི་ནི་ཝར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣༡ པ་དང་། རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་དུས་བཀག་བསྐྱར་ཞིབ་ཐེངས་ ༣ པ་ཚོགས་བཞིན་པའི་སྐབས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གཞུང་སྒེར་མང་པོས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྒྱ་གཞུང་གིས་བདལ་བཤིག་བཏང་བའི་སྐོར་གསལ་འདོན་གནང་འདུག་པ་ལྟར། ད་དུང་ཡང་བོད་ནང་རང་ལུས་མེར་བསྲེགས་གནང་དགོས་པའི་རྒྱུ་རྐྱེན་ཁག་སོགས་གླེང་སློང་གིས་རྒྱ་གཞུང་གི་གདོང་རིས་ངོ་མ་གསལ་འདོན་གྱིས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་ཞུ་རྒྱུ་བཅས།།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༩ ལ།།

Menu