རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་བྱས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ ༢༠༡༢  ཟླ ༦ ཚེས ༡༥  ཉིན་གྱི་ཞོགས་པའི་བོད་ནང་གི་ཆུ་ཚོད་ ༦ ཡས་མས་སུ་མདོ་སྨད་གཅན་ཚ་རྫོང་གཅན་ཚ་ཐང་ཤང་ལོ་བ་སྡེ་བའི་རང་ལོ་ ༦༤  ཙམ་ཡིན་པ་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱིས་གཅན་ཚ་རྫོང་དྲག་ཆས་ཉེན་རྟོག་ཁང་གི་སྒོ་མདུན་དུ་སྐུ་ལུས་མེར་བསྲེགས་བཏང་འདུག་པ་དང་། ཁོང་གིས་ལུས་སྐེད་དུ་སྲིང་བལ་དཀྲིས་པ་ལྕགས་སྐུད་ཀྱིས་བསྡམས་ཏེ་དེའི་སྟེང་ས་སྣུམ་བཤོས་ཡོད་སྟབས། མེ་ཤུགས་འབར་ཚད་ཧ་ཅང་ཆེ་བས་སྐབས་དེ་རང་དུ་སྐུ་གཤེགས་ཡོད་འདུག   གནས་ཚུལ་དེ་ཐོས་མ་ཐག  གཅན་ཚ་རྫོང་གི་དགོན་པ་ཁག་གི་དགེ་འདུན་པ་དང་།  ཉེ་སྐོར་གྱི་མང་ཚོགས་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ།  རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡུལ་རྫོང་དྲག་ཆས་ལས་ཁུངས་ཀྱི་སྒོ་མདུན་རང་དུ་མཆོད་མེ་སྦར་པ་དང་། སྨོན་ལམ་གསུང་འདོན་བྱས་འདུག་ཅིང་།  མང་ཚོགས་བརྒྱ་ཕྲག་དུ་མས་ཡང་ལ་སྦར་ནས་རྫོང་སྲིད་གཞུང་གི་སྒོ་མདུན་དུ་ཞི་བའི་ངོ་རྒོལ་བྱས་འདུག

རྒྱ་གཞུང་གིས་རྟ་མགྲིན་ཐར་ལགས་ཀྱི་སྐུ་ཕུང་བཙན་ཁྱེར་བྱས་འདུག་ཀྱང་། མང་ཚོགས་ཀྱིས་ཚོར་ཤུགས་དྲག་པོས་སྐད་འབོད་བྱས་མཐར་སྐུ་ཕུང་རྒྱ་ལག་ནས་ཚུར་རག་སྟེ།  རྒྱ་ཆེའི་སེར་སྐྱ་མང་ཚོགས་ཀྱིས་ཁོང་གི་རླབས་ཆེན་གྱི་སྙིང་སྟོབས་དང་། སྤྱོད་པ་ལ་གུས་བརྩི་མཚོན་ཆེད་ཁ་བཏགས་བསྒྲོན་འབུལ་དང་།   ནང་མི་ཚོར་སེམས་གསོའི་འཚམས་འདྲི་ཞུས་ཡོད་འདུག

 

རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ནི།    གཅན་ཚ་རྫོང་གཅན་ཚ་ཐང་ཤང་ལོ་བ་སྡེ་བའི་མི་ཡིན་པ་དང་།   ལོ་ཤས་གོང་རྒྱ་གཞུང་གིས་འབྲོག་པ་རོང་ལ་ཕབ་པའི་སྲིད་ཇུས་ལག་བསྟར་བྱེད་སྐབས་གཅན་ཚ་ཐང་ནས་རྫོང་གི་ཉེ་འགྲམ་དུ་གཞིས་སྤོ་བྱས་ཡོད་པ་དང་། ཁོང་ལ་ཕྲུ་གུ་གཉིས་ཡོད་པ་ཙམ་ལས་ནང་མིའི་ཞིབ་ཕྲའི་གནས་སྟངས་ད་དུང་རག་སོན་མ་བྱུང།  ཁོང་ནམ་རྒྱུན་རྫོང་ཐོག་ཏུ་ཡོད་པའི་མ་ཎི་འཁོར་ཁང་དུ་སྐོར་བ་བྱེད་ཅིང་།  ཉ་རིགས་ཚེ་ཐར་གཏོང་བ་སོགས་ཀྱིས་མཚོན་དགེ་སྦྱོར་ལ་བརྩོན་པ་ཞིག་ཡིན་ལ། ད་ལྟའི་ཆར་རྫོང་ཐོག་ཏུ་ཁོང་གི་ཚ་བོ་སློབ་གྲྭར་འགྲོ་བཞིན་པར་ལྟ་སྐྱོང་གནང་བཞིན་བཞུགས་ཡོད་འདུག  ཉིན་ཤས་སྔོན་དུ་ཁོང་གིས་ཉེ་སྔོན་ས་ཆ་གཞན་ཁག་ཏུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་སྐོར་ལ་རྗེས་སུ་ཡི་རང་གི་བཀའ་མོལ་མང་པོ་གནང་ཡོད་འདུག

ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༩ བྱུང་ཡོད་པའི་ནང་ནས། འདས་གྲོངས་སུ་གྱུར་པ་ ༣༠ ཆགས་ཡོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ།   བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་ཞིབ་བྱེད་དགོས་པ་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ཡིན། བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་གི་ཡོད་པས། རྒྱ་ནག་གཞུང་ལ་བདེན་རྫུན་འབྱེད་པའི་ཁྲིམས་ལུགས་དང་།   མི་མང་གི་བདེ་སྡུག་ལ་ལྟ་མཁན་གྱི་འགོ་འཁྲིད་ཡོད་ན། བོད་མི་ཚོའི་དགོས་འདུན་དང་རྒྱལ་སྤྱིའི་བཀོད་ཁྱབ་ཁག་ལ་འདི་ཡིན་དེ་མིན་གྱི་ལན་འདེབས་བྱེད་པའི་དུས་ལ་བབས་ཡོད།  དེ་མིན་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ། སྒྲོ་སྐུར་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་དང་བྱེད་བཞིན་པ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱས་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་དང་།  རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ། གནད་ཡོད་མི་སྣ། གསར་འགོད་པ། རྩོམ་པ་པོ་སོགས་ཡོངས་རྫོགས་ཀྱིས་བོད་མི་ཚོའི་དགོས་འདུན་དང་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་དྲག་གནོན་དང་འཁྱོག་བཤད། རྫུན་སྒྲིག་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་བྱས་ནས་འཛམ་གླིང་ཞི་བདེའི་ཕྱོགས་སུ་བསྒྱུར་ཐབས་ལ་ངེས་པར་དུ་འབད་བརྩོན་གནང་བའི་དུས་བབས་ཡོད་ཅེས་ཛ་དྲག་གིས་ནན་ཞུ་བྱེད་རྒྱུ་ཡིན།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༥ ཉིན།

Menu