རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱིས་སྐུ་ལུས་མེ་མཆོད་དུ་ཕུལ་བའི་བརྒྱུད་རིམ་འབྲེལ་ཡོད་ནས་འབྱོར་བའི་གནས་ཚུལ་ཁ་སྐོང།

      རྟ་མགྲིན་ཐར་ལགས།རྟ་མགྲིན་ཐར་ལགས།

 

ནང་མིའི་སྐོར།

མཚན།

འབྲེལ་བ།

ན་ཚོད།

ལས་རིགས།

 

1. རྟ་མགྲིན་ཐར།

 

འདས་པོ།

ལོ་ ༦༤

གཅན་ཚ་རྫོང་ཐོག་ཏུ་རང་ཁྱིམ་ལྟ་སྲུང་དང། བུ་ཆུང་བར་ཟ་མ་གཡོ་སྐོལ་དང་བདག་སྐྱོང་།

2. ཆོས་མོ་ཐར། འདས་པོའི་བཟའ་ཟླ།

ལོ་ ༥༤

ངེས་གཏན་མེད། སྐབས་རེར་ས་གཞན་དུ་ཞོར་ལས།
3. རྟ་མགྲིན་སྐྱབས། འདས་པོའི་བུ་རྒན་པ།

ལོ་ ༣༣

ཆུང་མ་དང་ལྷན་དུ་གཅན་ཚའི་ཐང་དུ་འབྲོག་ལས།
4. རྡོ་རྗེ་འཚོ། འདས་པོའི་བུ་མོ།

ལོ་ ༢༨

ངེས་གཏན་མེད། སྐབས་རེར་ས་གཞན་དུ་ཞོར་ལས།
5. ཝུན་ཁྲང་རྡོ་རྗེ། འདས་པོའི་བུ་ཆུང་བ།

ལོ་ ༢༠

གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་དམའ་འབྲིང་གཉིས་པའི་སློབ་མ།

རང་ལུས་མེ་མཆོད།

སྲེག་ཡུལ།

གཅན་ཚ་རྫོང་མི་དམངས་དྲག་ཆས་ཁང་གི་སྒོ་དྲུང།

སྲེག་དུས།

༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན། ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༦།༠༠ ཡོལ་ཙམ།

དམིགས་བྱ།

བོད་ཀྱི་བདེན་དོན།

ཞལ་ཆེམས།

བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆིའོ། །འཛམ་གླིང་ཞི་བདེ་ཡོང་བའི་རེ་བ་དང། རྒྱལ་དབང་རིན་པོ་ཆེ་རང་ཡུལ་དུ་ཕེབས་པའི་རེ་འདུན། བོད་རྒྱལ་ཁབ་ཀྱིས་རང་ས་ཟིན་པའི་དོན་དུ། ངས་རང་ལུས་མེ་མཆོད་དུ་འབུལ་རྒྱུ་ཡིན། ཁོང་གི་སྐུ་པར་བཅས།

        དེ་ཡང་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱིས། རང་ཁྱིམ་དུ་ཉལ་ཁྲིའི་སྟེང་ཁ་ཆེམས་ཡི་གེ་ཞིག་དང་རང་ཉིད་ཀྱི་འདྲ་པར་གཅིག་བཅས་ལྷན་དུ་བཞག་པ་དང། ལུས་པོར་སྲིང་བལ་དཀྲིས་ཤིང་ས་སྣུམ་བླུགས་ཏེ། ༢༠༡༢ ལོའི་ཕྱི་ཟླ་ ༦ ཚེས་ ༡༥ ཉིན་ས་གནས་ཀྱི་ཞོགས་པའི་ཆུ་ཚོད་ ༦།༠༠ ཡོལ་ཙམ་ལ། གཅན་ཚ་རྫོང་(ཁྱོན་བསྡོམས་མི་གྲངས་ཁྲི་ལྔ་ལྷག་ཡོད་པ་ལས་བོད་མིས་དེའི་བརྒྱ་ཆའི་དྲུག་ཅུ་རེ་བདུན་ཙམ་ཟིན་ཡོད།)མི་དམངས་དྲག་ཆས་ལས་ཁུངས་ཀྱི་སྒོ་དྲུང་དུ་བོད་ཀྱི་བདེན་དོན་ཆེད་རང་ལུས་མེ་མཆོད་དུ་ཕུལ།

 

དེ་ཡང་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐགས་ཀྱིས་རང་ལུས་མེ་མཆོད་ཀྱི་མགོ་རྩོམ་དུས་ཞོགས་པའི་ཆུ་ཚོད་དྲུག་པ་ཡོལ་ཟིན་ཅིང། དེ་དུས་ཆུ་ཚོད་ལྔ་པ་ཡས་མས་ཙམ་ནས་ཡོང་སྟེ་སྲང་ལམ་གཙང་ཕྱགས་བྱེད་མཁན་འགའ་ལས་ཉེན་རྟོག་པ་དང་དམག་མི་སོགས་ཉེ་འཁྲིས་སུ་མེད། དེར་བརྟེན། ཐོག་མར་ལུས་པོར་མེ་འབར་བཞིན་པ་དེ་སྲང་ལམ་གཙང་ཕྱགས་བྱེད་མཁན་སྐོར་ཞིག་ལས་གཞན་གྱིས་མ་མཐོང། ཕྱིས་སུ་ཉེན་རྟོག་པས་མཐོང་དུས་མེ་ལྕེ་ཅུང་ཟད་དམའ་རུ་སོང་སྟེ་ཡལ་ལ་ཉེ་བར་གྱུར་ཡོད། དེ་མ་ཐག་ཉེན་རྟོག་པས་མེ་བསད་ཅིང་ལུས་སྟེང་དུ་ཉལ་ཆས་ལྟ་བུ་ཞིག་གིས་གཡོགས་ཏེ་ཟི་ལིང་དུ་ཁྱེར། གནས་སྟངས་དེ་དངོས་སུ་མཐོང་མཁན་དག་གིས། སྐབས་དེ་དུས་ཕལ་ཆེར་དབུགས་འགགས་ཟིན་ཅིང་། སྨན་ཁང་དུ་འཁྱེར་ཡང་ཕན་ཐོགས་ཅི་ཡང་མེད་པའི་ཚད་དུ་གྱུར་འདུག་ཀྱང་རྫོང་ཐོག་ཏུ་མ་བཞག་པར་ཟི་ལིང་དུ་ཁྱེར་སོང་ཞེས་བརྗོད།

 

རྟ་མགྲིན་ཐར་ལགས་ཀྱི་ཕུང་པོ་ཟི་ལིང་དུ་ཁྱེར་བའི་རྗེས་སུ། ཁོང་གི་ངོ་ཤེས་ཉེ་འབྲེལ་སོགས་ཀྱིས་ཡར་མར་དུ་རྩད་བཅད་པ་ན་ད་གཟོད་རང་ལུས་མེ་མཆོད་གཏོང་མཁན་གྱི་རྒྱལ་གཅེས་པ་དེ་ནི་དཔའ་བོ་རྟ་མགྲིན་ཐར་ཡིན་པར་དངོས་ར་འཕྲོད། ཅང་མ་འགོར་བར་ས་དེར་བོད་མི་མང་ཙམ་ཞིག་འདུས་ཏེ། ཕུང་པོ་ཕྱིར་སྤྲོད་དགོས་ཞེས་འུར་ཟིང་ཆེ་ཙམ་བསླངས། རྫོང་མི་དམངས་སྲིད་གཞུང་དུའང་ཨུ་ཚུགས་ཀྱིས་ཕུང་པོ་ཕྱིར་སྤྲོད་དགོས་པའི་ཞུ་གཏུགས་བྱས་པ་སོགས་ཀྱི་དབང་གིས་ཕྱིར་སྤྲོད་རྒྱུར་ཁས་བླངས་ཏེ། ཁྱེད་ཚོ་ཟི་ལིང་དུ་ཕུང་པོ་ལེན་དུ་སོང་ཞེས་བཤད། དེར་བརྟེན། བོད་མི་སྐོར་ཞིག་ཟི་ལིང་དུ་ཕུང་པོ་ལེན་དུ་སོང་སྟེ་ལ་དམར་(གཅན་ཚ་རྫོང་ཐོག་ནས་སྤྱི་ལེ་ ༤༧ ཡས་མས་ཡོད།)གྱི་ཚུར་ཕྱོགས་སུ་བསླེབས་པ་ན། ཕུང་པོ་ཕྱིར་འཁྱེར་ཡོང་གིན་ཡོད་པས་མུ་མཐུད་ནས་འགྲོ་མི་དགོས་ཞེས་པའི་བརྡ་ལན་འབྱོར།  དེ་ནས་དཔའ་ལུང་ཆུ་འཁོར་(གཅན་ཚ་རྫོང་ཐོག་ནས་སྤྱི་ལེ་ ༡༦ ཡས་མས་ཡོད།)ཞེས་པའི་ས་གནས་སུ་ཉེན་རྟོག་པས་བོད་མི་རྣམས་ལ་ཕུང་པོ་རྩིས་སྤྲོད་བྱས། བོད་མི་རྣམས་ཀྱིས་ཉེན་རྟོག་པའི་རླངས་འཁོར་ནས་ཕུང་པོ་བླངས་ཏེ་གཅན་ཚ་རྫོང་སྨན་ཁང་གི་རླངས་འཁོར་ཞིག་དེ་གར་འབྱོར་ཡོད་པ་དེའི་ནང་དུ་བཞག། ཕུང་པོ་ལེན་དུ་འགྲོ་མི་རྣམས་རླངས་འཁོར་གཞན་ཞིག་ཏུ་བསྡད། དེ་ལྟར་རླངས་འཁོར་གཉིས་ལྷན་དུ་ཕྱིར་རང་སའི་ཕྱོགས་སུ་བསྐྱོད།

 

ཕུང་པོ་ཁྱེར་ནས་ཡོང་བའི་ལམ་བར་དུ། ཁོང་ཚོ་རྫོང་མི་དམངས་སྲིད་གཞུང་གི་སྒོ་ལམ་བརྒྱུད་དེ་འགྲོ་མ་ཕོད། དེ་ནི། ཕུང་པོ་ལེན་དུ་འགྲོ་མི་རྣམས་གཅན་ཚ་རྫོང་ཐོག་ནས་ཐོན་པའི་སྐབས་ནས་ཀྱང་ས་དེར་སྐྱ་སེར་མང་པོ་འདུས་ཏེ་དགེ་འདུན་པ་ཚོས་སྨོན་ལམ་གསུང་ཞིང། སྐྱ་བོ་ཚོས་རྫོང་མི་དམངས་སྲིད་གཞུང་གི་ནང་དུ་ངར་ཤུགས་ཀྱིས་འཛུལ་གྲབས་བྱེད་བཞིན་ཡོད། དེར་མ་ཟད། ཕུང་པོ་ཕྱིར་རང་ལག་ཏུ་འབྱོར་ན་རྫོང་མི་དམངས་སྲིད་གཞུང་གི་ནང་དུ་གཡུག་རྒྱུ་ཡིན་ཞེས་ཟེར་བའི་སྐད་ཆ་ཞིག་ཀྱང་ཐོས། དེར་བརྟེན། ཕུང་པོ་འཁྱེར་མི་རྣམས་ཀྱི་སེམས་སུ། གལ་ཏེ་དེ་ལྟར་དོན་དག་ཆེ་རུ་ཕྱིན་ཏེ་ཡར་ལངས་བྱེད་པ་སོགས་བྱུང་ན། དེང་སྐབས་རྒྱ་གཞུང་གིས་མི་དམངས་ཀྱི་ཐོག་ཏུ་བྱེད་ཐབས་སྣ་ཚོགས་སྤྱོད་བཞིན་པ་ལྟར། མི་དམངས་ཀྱི་ཁྲོད་དུ་དུག་རྫས་རྒྱག་པ་སོགས་ཁྲིམས་སྣ་ཚོགས་བཀོལ་སྤྱོད་བྱས་ཏེ། དགེ་འདུན་པ་དང་སྐྱ་བོ་ཚོར་རྐྱེན་ངན་རེ་བྱུང་ན་མི་ལེགས་ཤིང་། འདས་པོ་ཡང་ཡིད་མི་སྤྲོ་བའི་རྗེས་འབྲེལ་དོན་རྐྱེན་གཞན་དང་འགྲོགས་ཏེ་ཕྱི་མར་སོང་ན་མི་བཟང་སྙམ་སྟེ། ཕུང་པོ་རྫོང་སྲིད་གཞུང་གི་སྒོ་ལམ་མ་བརྒྱུད་པར་ས་གཞན་བསྐོར་ནས་ཁྱེར།

 

དེ་ལྟར་ཕུང་པོ་ཁྱེར་ཏེ་བདེ་ཆེན་དགོན་དུ་མ་བསླེབས་ཙམ་གྱི་མཚམས་སུ་སྐྱོད་བཞིན་པའི་སྐབས་དེར། རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱི་བུ་ཆེ་བ་དང་དེ་མིན་གྱི་ཡུལ་མི་སྐོར་ཞིག་ཀྱང་འབྱོར། དུས་དེ་ཙམ་ན། རྫོང་ཐོག་ཏུ་མི་མང་པོ་འདུས་ཏེ་སྨོན་ལམ་གསུང་རྒྱུ་དང་ཕུང་པོར་ཁ་བཏགས་གཏོང་རྒྱུ། གདུང་མཇལ་ཞུ་རྒྱུ་སོགས་ཀྱི་གྲ་སྒྲིག་བྱས་ཏེ་བསྒུགས་ནས་བསྡད་ཡོད་པའི་བརྡ་ལན་འབྱོར་བས། མང་ཚོགས་ཀྱི་རེ་བ་ལྟར་ས་དེ་ག་ནས་ཕྱིར་རྫོང་ཐོག་ཏུ་ཁྱེར། འོན་ཀྱང་། དུས་དེ་ཉིད་དུ་གཅན་ཚ་རྫོང་ཐོག་ཏུ་དམག་མིས་ཁེངས་ནས་ཡོད་ཅིང། ཕུང་པོ་ཕྱིར་འཁྱེར་ཡོང་གིན་ཡོད་པ་སྲིད་གཞུང་གིས་གོ་བས་རྫོང་ཐོག་ཏུ་འཁྱེར་ཡོང་མི་ཆོག་པའི་བཀའ་བཏང། དེར་བརྟེན། ལོ་བ་ཉག་ག་(གཅན་ཚ་རྫོང་ཐོག་ནས་སྤྱི་ལེ་ ༡ ཡས་མས།)ཞེས་པའི་བར་དུ་ཕྱིར་ཁྱེར། དེར་གཅན་ཚ་ནང་ཁུལ་གྱི་དགེ་འདུན་པ་བརྒྱ་སྐོར་ཞིག་དང་སྐྱ་བོ་མང་པོ་བཅས་འདུས་ཏེ་སྨོན་ལམ་གསུངས་ཤིང་དབང་བསྐུར། ཕུང་པོ་ལ་ཁ་བཏགས་བཏང་བ་སོགས་བྱས། དེ་ནས་ཁོང་གི་བུ་ཆེ་བ་སོགས་ཀྱིས་ཕུང་པོ་ཕྱིར་རང་ཡུལ་དུ་ཁྱེར་ཏེ་སྦྱིན་སྲེག་བྱས་ན་བཟང་ཚུལ་གསུངས་པ་ལྟར་ཕྱིར་ཁྱེར་ནས་རང་ཡུལ་དུ་སྦྱིན་སྲེག་བྱས། སྐབས་དེར། གནས་དེའི་ཡུལ་མི་མང་པོ་ཞིག་ལས་ཀ་སོགས་ཀྱི་རྐྱེན་པས་ས་དེར་མེད་ལ། འབྲོག་ཁུལ་དུ་ཡོད་པ་རྣམས་ཀྱང་ནོར་ལུག་རྣམས་དེད་ནས་རྫ་མགོའི་ཕྱོགས་སུ་སོང་ཟིན་པས། ཕུང་པོ་སྦྱིན་སྲེག་གི་སྐབས་ཡུལ་མི་མང་པོ་ཞིག་འཛོམས་ཐུབ་མེད། སྦྱིན་སྲེག་གྲུབ་སྟེ་ཡུལ་མི་ཚོ་ཕྱིར་རང་ཁྱིམ་དུ་འབྱོར་སྐབས་ས་དེ་གའི་དགོང་མོའི་ཆུ་ཚོད་ལྔ་དང་དྲུག་གི་བར་ཙམ་ཡིན།

 

རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱི་བཟའ་ཟླ་ཆོས་མོ་ཐར་དང་བུ་མོ་རྡོ་རྗེ་འཚོ་གཉིས་ལ་དོན་རྐྱེན་དེ་བྱུང་བའི་ཉིན་དེར་ཁ་པར་གྱི་ལམ་ནས་གནས་ཚུལ་བཤད་པས། ཉིན་དེའི་དགོང་མོ་ཙམ་ལ་མགོ་ལོག་ནས་རང་ཡུལ་དུ་འབྱོར་ཅིང་སྡུག་བསྔལ་གྱི་མིག་ཆུ་མང་དུ་ཤོར། ཉེ་འཁོར་གྱི་མི་རྣམས་ཀྱིས། འདས་པོའི་བཟའ་ཟླ་དང་བུ་ཕྲུག་ཉེ་འབྲེལ་རྣམས་ལ། ཕྱོགས་གང་སར་འདས་མཆོད་མང་དུ་སྒྲུབ་བཞིན་ཡོད་པ་སོགས་བཤད་དེ་སེམས་གསོ་བྱས་པའི་དབང་ལས་ད་ལྟའི་ཆར་སེམས་ལ་སྡུག་བསྔལ་ཆེ་ཡང་དེ་ཙམ་ཕྱིར་མངོན་གྱིན་མེད།

 

ཕུང་པོ་སྦྱིན་སྲེག་གྲུབ་པའི་ཕྱི་ཉིན་སོགས་སུ། གཅན་ཚའི་ཐང་ཞང་གི་མངགས་གཏོང་ཁང་གི་མི་སྣ་ཡོང་སྟེ། བཟའ་མི་ཉེ་འབྲེལ་དང་སྡེ་མི་ཚོར་རྒྱལ་གཅེས་དཔའ་བོ་རྟ་མགྲིན་ཐར་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ལ་ལྟ་ཚུལ་ཅི་ཞིག་ཡོད་མིན་སོགས་དྲིས་ཤིང། ཞང་གི་མགོ་ཁྲིད་ཚོས་ཀྱང་འདས་པོའི་བཟའ་ཟླ་དང་བུ་བུ་མོ། སྡེ་མི་ཉེ་འབྲེལ་སོགས་ལ་འདྲི་རྩད་བྱས།  ཉེན་རྟོག་པ་འགའ་ཡང་ཡོང་སྟེ་འདས་པོའི་ཁྱིམ་ཚང་དང་མཐའ་སྐོར་གྱི་གནས་ཚུལ་རྒྱུས་ལོན་དང་ཕྱི་མི་སུ་ཞིག་ཡོང་གི་ཡོད་མེད་སོགས་ལ་ལྟ་རྟོག་བྱས། རྫོང་ཐོག་ཏུའང་ཉེན་རྟོག་པ་སོགས་ཀྱིས་སུ་ཡང་གཅན་ཚའི་ཐང་དུ་འགྲོ་མི་ཆོག་ཟེར་བ་སོགས་དམ་དྲག་བྱས།       གཞན་ཡང། མཚོ་ལྷོའི་ཁྲི་ཀ་སོགས་ནས་མི་མང་པོས་གདུང་སེམས་མཉམ་སྐྱེད་ཀྱིས་གཅན་ཚ་རྫོང་དུ་འགྲོ་རྩིས་བྱས་ཀྱང་སྲིད་གཞུང་གིས་སུ་ཞིག་ཀྱང་འགྲོ་མི་ཆོག་ལ། ལྷག་པར་དུ་ཞལ་འདེབས་བསྡུ་རུབ་སོགས་བྱས་ཏེ་སྤྱི་བའི་རྣམ་པའི་ཐོག་ནས་འགྲོ་མི་ཆོག་པའི་བཀའ་ཕབ་པ་སོགས་ཕྱོགས་སོ་སོ་ནས་དམ་དྲག་བྱས། དེར་མ་ཟད། གཅན་ཚའི་ཐང་དུ་ཡོད་པའི་མི་རྣམས་ཀྱང་ས་གཞན་དུ་འགྲོ་རུ་མ་བཅུག་པར་བཀག་རྒྱ་དམ་པོ་བྱས།

 

སྲིད་གཞུང་གིས་དེ་ལྟར་བཀག་འགོག་བྱས་ཀྱང་མ་ཁོགས་པར་གཅན་ཚ་རྫོང་ནང་ཁུལ་གྱི་དགོན་སྡེ་ཡོད་དོ་ཅོག་དང་སྡེ་བ་སོ་སོའི་བླ་མ་སྤྲུལ་སྐུ་དང་གྲྭ་བཙུན་སྔགས་གསུམ། སྐྱ་བོ་རྒན་གཞོན་བཅས་ཀྱིས་རང་རང་གི་གནས་སུ་སྨོན་ལམ་གསུངས་པ་དང། འདས་པོའི་ཁྱིམ་དུ་ཕེབས་ནས་ཀྱང་འདས་མཆོད་སྨོན་ལམ་དང་ཞལ་འདེབས་སོགས་གནང་། དེ་བཞིན་དུ་རེབ་གོང་དང་ཁྲི་ཀ།། མགོ་ལོག།། བླ་བྲང་། མང་ར་། འབའ་རྫོང་། ཟི་ལིང་སོགས་ནས་ཀྱང་སྔ་ཕྱིར་སྤྱི་སྒེར་གཉིས་ཐད་ནས་མང་ཙམ་དངོས་སུ་འབྱོར་བ་དང་ཞལ་འདེབས་བསྐུར་བ་སོགས་སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་གི་འདུ་ཤེས་དང་ལག་ལེན་གཉིས་ཀ་དངོས་སུ་ལག་བསྟར་བྱས།

 

ད་ལྟའི་གནས་སྟངས་ནི། ས་དེར་གདུང་སེམས་མཉམ་སྐྱེད་དང་བསྔོ་སྨོན་འདས་མཆོད་སྒྲུབ་པ་སོགས་ཀྱིས་བྲེལ་ཟིང་ཆེ་ཞིང། ལྷག་པར་དུ་དེ་གའི་བོད་མི་རྣམས་ཀྱི་སེམས་སུ་སྡུག་བསྔལ་གྱི་ཚོར་བ་མངོན་དུ་འགྱུར་བཞིན་པའི་ཁར། ད་དུང་གནས་ཚུལ་ཅི་ཞིག་འབྱུང་མིན་གྱི་ཐད་ལའང་གདེང་ཚོད་མ་རྙེད་པའི་སྟབས་ཀྱིས་ཡིན་ནམ། གང་ལྟར་ཡང་ཕྱི་ནང་གི་ལམ་ཁ་བཀག་སྡོམ་དང་། འདས་པོའི་བཟའ་མི་ཉེ་འབྲེལ་དང་འགྲུལ་བ་སོགས་ལ་ལྟ་རྟོག།། གཞན་ཡང། རྫོང་ཐོག་ཏུ་ཕྱི་ནས་འོངས་པའི་དམག་མི་འགྲེམས་འཇོག་དང། དགོན་གྲོང་གཉིས་ཀར་ཆབ་སྲིད་སློབ་གསོ། སློབ་མ་རྣམས་རང་ཁྱིམ་དུ་མི་གཏོང་བ་སོགས་བཀག་རྒྱ་འདྲ་མིན་བྱེད་པ་ལས་བཙོན་འཇུག་བཀག་སྐྱིལ་སོགས་ཀྱི་གནས་ཚུལ་འབྱོར་སོན་མ་བྱུང་།

 

རྒྱལ་གཅེས་པ་ཁོང་ནི། དུས་རྒྱུན་༸གོང་ས་ཡིད་བཞིན་ནོར་བུ་དང་བོད་ཀྱི་རྩ་དོན་ཁོ་ན་གླེང་ཞིང་། རྟག་ཏུ་བོད་འབྲེལ་གྱི་དོན་བཟང་རེ་ལ་ངང་སྒུག་བྱས་ནས་སྡོད་པ་ཞིག་རེད།

 

དུས་སྐབས་དེར། ཁོང་གི་བཟའ་ཟླ་ཆོས་མོ་ཐར་དང་བུ་མོ་རྡོ་རྗེ་འཚོ་གཉིས་ཀྱིས་མགོ་ལོག་ཁུལ་དུ་ཞོར་ལས་གཉེར་བཞིན་ཡོད་ལ། བུ་ཆེ་བ་རྟ་མགྲིན་སྐྱབས་དང་མནའ་མ་གཉིས་ཀྱིས་གཅན་ཚའི་ཐང་དུ་ནོར་ལུག་འཚོ་བ་དང། བུ་ཆུང་བ་བུན་ཁྲང་རྡོ་རྗེས་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དང་པོའི་དམའ་འབྲིང་གཉིས་པར་སློབ་སྦྱོང་བྱེད་བཞིན་ཡོད།

 

 

 

Menu