ཕྱི་ལོ ༢༠༡༢ཟླ༡༡ ཚེས་ ༢༢ ཉིན། བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤།༢༠ ཡས་མས་སུ། མདོ་སྨད་རེབ་གོང་མདོ་བ་འབྲོག་ཡོ་ལག་སྡེ་བའི་རང་ལོ་ ༡༩ ཡིན་པའི་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ཀྱིས། མདོ་བ་ཡུལ་ཚོའི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས་ས་གནས་སེར་སྐྱ་མི་མང་གིས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར། མདོ་བ་དགོན་པའི་གྲྭ་པ་རྣམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས། དགོན་པའི་དགེ་འདུན་པའི་སྦྱིན་སྲེག་བྱེད་སར་སྐུ་ཕུང་ཞུགས་འབུལ་བྱས་འདུག
རྒྱལ་གཅེས་དཔའ་བོ་ཀླུ་འབུམ་ཚེ་རིང་ལགས་ནི། རེབ་གོང་མདོ་བ་ཡོ་ལག་སྡེ་བའི་མི་ཡིན་པ་དང་། དེ་སྔོན་རོང་བོ་དགོན་ཆེན་དུ་གྲྭ་བ་བྱས་ཏེ། དེང་སང་སྐྱ་ཕབ་ཡོད་འདུག ཁོང་གི་ཕ་མིང་ལ་ཚེ་གོ་འམ་(དམག་ཚེ་གོ) ཟེར་ཞིང་། ད་ལྟ་རང་ལོ་ ༦༠ ཡས་མས་ཤིག་ཡིན་པ་དང་། ཁོང་གི་ཨ་མ་ཚེ་ལས་འདས་ཟིན་པ་དང་། ཁོང་ལ་མིང་སྲིང་ ༧ ཡས་མས་ཤིག་ཡོད་འདུག
ཉེ་བའི་ཆར་རེབ་གོང་མདོ་བ་ཡུལ་ཚོར་རྒྱ་གཞུང་གི་དམག་མི་དང་ཉེན་རྟོག་པ། ལག་ཏུ་དེང་རབས་ཀྱི་གོ་མཚོན་ཐོགས་པའི་དྲག་ཆས་ཉེན་རྟོག་དམག་མི་མང་པོ་བཀྲམས་ཏེ། ས་གནས་མི་མང་ལ་འཇིགས་སྐུལ་བྱས་པ་དང་། རེབ་གོང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ལས་བྱེད་དང་། རེབ་གོང་རྫོང་གི་ལས་བྱེད་མང་པོ་མདོ་བར་ཡོང་སྟེ། ས་གནས་སུ་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་འབྱུང་རྐྱེན་དང་། སླད་ཕྱིན་གནས་ཚུལ་དེ་རིགས་མི་འབྱུང་ཆེད་རྨ་ལྷོ་ཁུལ་གྱིས་རྫོང་ཁག་བཞི་ལ་བསྒྲགས་པའི་(ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོཊ་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར)སོགས་ཁྱབ་བསྒྲགས་སོགས་བྱས་ཏེ་དམ་དྲག་ཆེན་པོ་བྱས་སྟབས། ཚེས་ ༢༢ གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོར་རྒྱལ་གཅེས་དཔའ་བོ་ཀླུ་འབུམ་རྒྱལ་ལགས་ཀྱིས། མདོ་བ་ཡུལ་ཚོའི་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་འདུག ཉེ་ཆར་བོད་མདོ་སྨད་རྨ་ལྷོ་རེབ་གོང་ས་ཁུལ་དུ་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་བསྟུད་མར་བྱུང་དང་འབྱུང་བཞིན་པར། རྒྱ་གཞུང་གིས་ཟླ ༡༡ ཚེས༡༤ ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས་དོན་ཚན་ལྔ་ཅན་གྱི་(ཀྲུང་གུང་རྨ་ལྷོ་ཁུལ་ཨུའི་གཞུང་ལས་ཁང་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བྱ་བའི་སྐོར་གྱི་བྲེལ་མྱུར་བརྡ་སྦྱོར)ཞེས་པ་ཞིག་རྨ་ལྷོ་ཁུལ་གྱི་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་འདུག་པ་དེའི་ནང་།
- གཅིག ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་མྱུར་དུ་བྱེད་ཐབས་སྤྱད་དེ། རང་སྲེག་མཁན་གྱི་ཁྱིམ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་སྣ་ཚོགས་མེད་པར་བཟོ་དགོས། རྗེས་ཕྱོགས་བཀོད་སྒྲིག་ཅི་ཡང་བྱས་མི་ཆོག རང་སྲེག་མཁན་གྱི་སྡེ་བར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལག་བསྟར་བྱེད་པའི་ལས་གཞི་ཚང་མ་མེད་པར་གཏོང་དགོས། བཀོད་སྒྲིག་བྱས་ཟིན་པ་ཐམས་ཅད་ལེགས་སྒྲིག་བྱེད་པ་དང་མེད་པར་གཏོང་དགོས། རང་སྲེག་དོན་རྐྱེན་བྱུང་བའི་ཞང་(གྲོང་རྡལ)གི་འགན་ཁུར་བ་གཙོ་བོས་རྫོང་ཨུ་ལ་ཞིབ་བཤེར་གཏིང་ཟབ་བྱ་དགོས་ལ། ཁུལ་ཡོངས་སུ་བརྡ་ཁྱབ་སྤེལ་ཏེ་སྐྱོན་བརྗོད་བྱ་དགོས། ཞང་དང་གྲོང་རྡལ་གྱི་འགོ་ཁྲིད་ཚན་སྐོར་དང་ཏང་སྲིད་ཀྱི་འགན་ཁུར་བ་གཙོ་བོ་ལོ་འདིའི་ནང་སྔོན་ཐོན་ཕུལ་བྱུང་དུ་བདམ་མི་ཆོག བརྟན་བརླིང་མིན་པའི་དོན་རྐྱེན་མང་བོ་བྱུང་བའི་ཞང་(གྲོང་རྡལ) དུ། ལོ་གསུམ་ནང་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལག་བསྟར་བྱེད་པའི་ལས་གཞི་བཀོད་སྒྲིག་བྱས་མི་ཆོག་ལ། ཞང་དང་གྲོང་རྡལ་གྱི་ཏང་ཨུའི་སྲིད་གཞུང་གི་འགན་ཁུར་བ་གཙོ་བོ་བརྗེ་ལེན་བྱ་དགོས་ཤིང་། ཚན་སྐོར་གྱི་ཁོངས་མི་ལེགས་སྒྲིག་བྱ་དགོས་པར་མ་ཟད། འགན་འཁྲི་ཕྱིར་ལྡོག་རྩད་ཞིབ་བྱེད་པ་དང་། བྱ་བ་དོན་འཁྱོལ་བྱས་པ་མི་འདང་བ། དེའི་ཐད་ཀྱི་བྱ་བ་མ་བསྒྲུབ་མཁན་ལ་ཏང་སྲིད་སྒྲིག་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ།
- གཉིས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མྱུར་དུ་རང་ས་གནས་ཀྱི་མང་ཚོགས་ཁྲོད་དུ་རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲིར་སོང་ཡོད་མེད་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་སོགས་ཀྱི་གནས་ཚུལ་ཡོད་མེད་གསལ་བོར་ཤེས་དགོས། འཚམས་འདྲི་ཞལ་འདེབས་ཕྱོགས་ཀྱི་མགོ་འབུས་གནས་ཚུལ་ཡོད་ན། རྫོང་དང་ཞང་གི་ཏང་ཨུ་དང་སྲིད་གཞུང་གིས་ཆེད་དུ་མི་མངགས་ནས་མྱུར་དུ་བཀག་འགོག་བྱ་དགོས་པར་མ་ཟད། བསླབ་བྱ་གཏོང་དགོས་ལ། དེའི་ནོར་འཁྲུལ་དང་མཇུག་འབྲས་ཚབས་ཆེན་གསལ་བཤད་བྱ་དགོས། བསླབ་བྱར་མི་ཉན་མཁན་དེར་སྤྱི་བདེ་སྡེ་ཁག་གིས་མྱུར་ཏུ་བྱེད་ཐབས་སྤྱད་ནས་རྡུང་རྡེག་ནན་མོ་གཏོང་དགོས།
- གསུམ། རང་སྲེག་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་བྱེད་པར་མ་ཟད། རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་འབུལ་བའི་མང་ཚོགས་དང་གྲྭ་བ་དག་ལ་སྐྱོན་བརྗོད་སློབ་གསོ་གཏོང་དགོས་པ་དང་། དེ་རྩ་འཛུགས་བྱེད་མཁན་དང་མང་ཚོགས་འཐུས་ཚབ་པ། གྲྭ་བ་དག་འཚམས་འདྲི་སོང་བ་ཡིན་ན། སྒེར་དང་ཁྱིམ་ཚང་གི་མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ཀྱི་དམངས་ཕན་སྲིད་ཇུས་ཡོད་ཚད་མེད་པར་བཟོ་དགོས། དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་ཡིན་ན། བློ་ཐག་རྦད་ཆོད་ཀྱིས་སྡེབ་སྒྲིག་བྱ་དགོས་པར་མ་ཟད། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཐག་གཅོད་བྱ་དགོས། སྡེ་བ་དང་དགོན་པ་དག་གིས་རྩ་འཛུགས་བྱས་ཏེ་ཞལ་འདེབས་འབུལ་བ་དང་ཞལ་འདེབས་བསྡུ་བ་ཡིན་ན། སྡེ་བ་ཡོངས་ཀྱིས(ལྔ་སྐྱོང་ཁྱིམ་ཚང་ཕན་ཆད་ནས)མ་མཐའི་འཚོ་རྟེན་འགན་སྲུང་དང་གནོད་སྐྱོབ་རོགས་སྐྱོར་སོགས་ལོངས་སུ་སྤྱོད་པའི་དམངས་ཕན་སྲིད་ཇུས་ཡོད་ཚད་མེད་པར་བཟོ་དགོས་ལ། སྡེ་བ་དང་དགོན་པ་དེ་དག་ལ་ལོ་གསུམ་གྱི་ནང་དུ་རྒྱལ་ཁབ་ཀྱིས་མ་དངུལ་གཏོང་བའི་ལས་གཞི་ཡོད་ཚད་བཀོད་སྒྲིག་བྱས་མི་ཆོག་པ་དང་། བཀོད་སྒྲིག་བྱས་ཟིན་པ་ཡིན་ན་ཚང་མ་མེད་པར་བཟོ་བ་དང་སྡེབ་སྒྲིག་བྱ་དགོས།
- བཞི། མང་ཚོགས་དང་གྲྭ་བའི་རྩ་འཛུགས་བྱས་ནས་འགོ་ཁྲིད་དེ་རང་སྲེག་མཁན་གྱི་ཁྱིམ་མི་ལ་འཚམས་འདྲི་ཕྱིན་པ་མ་ཟད་བཙན་གྱིས་བགོ་འགྲེམ་བྱས་པ་དེ་ལ་མྱུར་དུ་རྩད་གཅོད་བྱེད་པ་དང་བདེན་དཔང་ཁུངས་བཙན་བཟུང་ནས། ཁྲིམས་འཛིན་གྱི་གོ་རིམ་ནང་དུ་སྔ་ས་ནས་ཞུགས་དགོས་པ་དང་། མགྱོགས་ཤིང་ལྕི་བའི་སྒོ་ནས་ཁྲིམས་ལྟར་རྡུང་རྡེག་ནན་མོ་གཏོང་དགོས། ( སྡེ་ཨུ་གཉིས)་དང་ལྷག་པར་དུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་དང་སྡེ་དཔོན་གྱིས་འགོ་ཁྲིད་དེ་དེའི་ནང་ཞུགས་པ་ཡིན་ན། བློ་ཐག་རྦད་ཆོད་ཀྱིས་བརྗེ་ལེན་བྱེད་དགོས་པར་མ་ཟད། དེ་མཐུན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས་པ་དང་། མྱུར་དུ་སྒྲིག་ཁྲིམས་དང་རྩ་འཛུགས། སྤྱི་བདེ། རྩིས་བཤེར་སོགས་ཀྱི་སྡེ་ཁག་མངགས་ཏེ། སྡེ་བ་དེ་ལ་དྲག་རྡུང་ནན་མོ་གཏོང་དགོས་ཤིང་། ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་རྩ་བ་ནས་ཐག་གཅོད་ནན་མོ་བྱ་དགོས། དགོན་པའི་ཨ་ལགས་དང་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་པ་ཡིན་ཕྱིན། དགོན་པ་ཁྲིམས་ལྟར་སྒོ་རྒྱག་ཏུ་འཇུག་པ་དང་། དག་ཐེར་ནན་མོ་བྱ་དགོས་ལ། རྩ་འཛུགས་བྱེད་མཁན་ལ་ཁྲིམས་ཆད་ལྗིད་མོ་གཅོད་དགོས། ལྔ། ལས་བྱེད་ལས་བཟོ་བའི་ཏང་སྲིད་རྒྱལ་ཁྲིམས་སྣང་མེད་དུ་བཞག་སྟེ། རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་ཕུལ་བ་དེ། གལ་ཏེ་ཤེས་རྟོགས་བྱུང་ན། མྱུར་དུ་གཞུང་གི་བྱ་བ་ནས་སྒོར་ཕུད་རྒྱུ་དང་། ཁྲིམས་འཛིན་སྡེ་ཁག་ལ་སྤྲད་ནས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་ཡིན། ཞེས་བཀོད་འདུག
གཞན་ཡང་། བརྡ་སྦྱོར་དེའི་ནང་། ཏང་གི་ཚོཊ་ཆེན་བཅོ་བརྒྱད་པའི་སྐབས་སུ་རེབ་གོང་ས་ཁུལ་དུ་བརྟན་བརླིང་མིན་པའི་དོན་རྐྱེན་དྲུག་བསྟུད་མར་བྱུང་སྟེ། ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་བརླིང་གི་རྣམ་པར་གཏོར་བརླག་དང་། ཞིང་ཆེན་དང་རྒྱལ་ཁབ་ཡོངས་སུ་ཤན་ཤུགས་ངན་པ་བཞག་ཡོད་པ་དེས། ཏྰ་ལའི་རུ་ཚོཊ་ཀྱིས་རང་སྲེག་བེད་སྤྱད་དེ་སྤྱི་ཚོགས་དང་སློབ་མར་ངན་སྐུལ་དང་། སྤྱི་ཚོགས་ལ་གཡོ་འགུལ་དང་མེས་རྒྱལ་ཁ་བྲལ་དུ་གཏོང་བའི་རེ་ངན་ཕྱིར་མངོན་ཡོད་ཚུལ་དང་།ས་ཆ་ཁ་ཤས་སུ་ཏྰ་ལའི་ཚོཊ་ཁག་གི་ངན་སྐུལ་བསླུ་བྲིད་ལ་ཉན་ཏེ། རང་སྲེག་མཁན་དཔའ་བོར་བརྩིས་ཏེ་འཚམས་འདྲིར་འགྲོ་བ་དང་རང་སྲེག་མཁན་གྱི་ཁྱིམ་མིར་ཞལ་འདེབས་སོགས་ཀྱི་གནས་ཚུལ་བྱུང་ཡོད་སྟབས། མ་འོངས་པར་རང་སྲེག་གི་དོན་རྐྱེན་བྱུང་བ་དང་། རང་སྲེག་མཁན་གྱི་ཁྱིམ་མིར་འཚམས་འདྲི་དང་ཁྱིམ་མིར་ཞལ་འདེབས་ཕུལ་བའི་གནས་བྱུང་ཚེ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་ཀྱི་འགན་འཁྲི་རྩད་གཅོད་ནན་མོ་བྱ་རྒྱུ་ཡིན་སྐོར་སོགས་བཀོད་འདུག
དེ་ལྟར་ན་ཕྱི་ལོ་༢༠༠༩ ནས་ཕྱི་ལོ་༢༠༡༢ ཟླ༡༡ ཚེས༢༢ བར་བོད་ནང་དུ་རང་ལུས་མར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན༧༩ བྱུང་ཞིང་དེའི་ནང་ནས་༦༥ འདས་གྲོངས་སུ་གྱུར་ཡོད། རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ཏེ། བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ། ད་དུང་དེ་ལས་ལྡོག་སྟེ་དམངས་སེམས་ལ་གནོད་གཞིའི་སྲིད་བྱུས་སྣ་མང་ལག་བསྟར་བྱས་དང་བྱེད་བཞིན་པ་དེས་བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་པས། དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན། ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།
- ༡། ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་། དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།
- ༢། ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༢༣ ལ།།