རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱི་བདུན་ཚིགས་བདུན་པ་དང་བསྟུན་གནས་མཆོག་རྡོ་རྗེ་གདན་དུ་མཆོད་འབུལ་སྨོན་ལམ་ཚོགས་པའི་ཐོག་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་མཉམ་ཞུགས་གནང་བ།


༄༅། །རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་ཐང་དུ་བོད་ཀྱི་རྒྱལ་དར་འཁྱེར་ནས་བོད་རང་དབང་རང་བཙན་ཆེད་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་གྱུར་ཏེ་བདུན་ཚིགས་བདུན་པ་དང་བསྟུན།གནས་མཆོག་རྡོ་རྗེ་གདན་དུ་གཞུང་འབྲེལ་འཚམས་གཟིགས་ཕེབས་བཞིན་པའི་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་། ས་གནས་རང་བདེན་ཚོགས་ཆུང་ནས་སྔོན་ནས་འབོད་སྐུལ་ཞུས་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༨ པའི་ཚེས་ ༢༠ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༧།༠༠ པ་ནས་ ༨།༣༠ བར་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ནང་གི་བྱང་ཆུབ་ལྗོན་ཤིང་འོག་ཏུ། མཆོད་འབུལ་སྨོན་ལམ་ཞིག་ཚོགས་པའི་ཐོག་བོད་མི་མང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་དང་། ས་གནས་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་རྣམ་པ། དགེ་འདུན་པ་དང་བཙུན་མ་བརྒྱ་ཙམ་མཉམ་ཞུགས་གནང་ཡོད་འདུག

མཆོད་འབུལ་གྲུབ་རྗེས། བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་གནས་མཆོག་རྡོ་རྗེ་གདན་གྱི་སངས་རྒྱས་ཀྱི་སྐུ་འདྲར་ན་བཟའ་མཆོད་འབུལ་དང་། རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་གཙོས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཆེད་སྨོན་ལམ་འདེབས་ཡོད་པ་བཅས།