རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་གྱིས་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་གསལ་བསྒྲགས།

རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས།རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས།

 

རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་རྣམ་པ།རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་སྲེག་གནང་བའི་རྣམ་པ།ཕྱི་ལོ་༢༠༡༣  ཟླ༡  ཚེས་༡༢  ཉིན། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་ཨ་མཆོག་ཚོ་བ་བརྒྱད་ཀྱི་ནང་ཁོངས་སྐྱིད་སྡེ་བའི་སྡེ་དཔོན་ཟུར་བ་གང་སེང་ཚང་གདུགས་དཀར་སྐྱབས་དང་།   བཟའ་ཟླ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ། ད་ལོ་རང་ལོ་༢༢ ཡིན་པའི་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་སམ་གཅེས་མིང་ལ་ཚེ་བྷེར་འབོད་པ་ཁོང་གིས། རང་ཁྱིམ་ནས་བོད་ལྭ་གཙང་མ་ཞིག་གྱོན་ཏེ། ཕྱུགས་རྫི་བྱེད་པའི་སྐབས་ཕྱུགས་རྣམས་རྫི་རོགས་ཚོར་བཅོལ་ཏེ། ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས། ཉིན་གུང་ཆུ་ཚོད་གཉིས་པ་གཡས་གཡོན་དུ། རང་ལུས་ལྕགས་སྐུད་ཀྱིས་བསྡམས་ཤིང་། རང་ལུས་ལ་ས་སྣུམ་བཤོས་ཏེ།  ཀཱི་ཧོ་ཧོ། “༸རྒྱལ་བ་བསྟན་འཛིན་རྒྱ་མཚོ”་ཞེས་སྐད་འབོད་བྱེད་ཞོར་དུ་མེ་ལྕེ་ཁྲོད་ནས་ཁྲོམ་སྐོར་གྱིས་རྒྱུགས་ཡོད་པ་དང་།  དེའི་རྗེས་སར་འགྱེལ་ཏེ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་འདུག སྐབས་དེར་ནམ་རྒྱུན་ལྟར་ཨ་མཆོག་གྲོང་བརྡལ་དུ་སྐོར་གཡེང་བྱེད་མཁན་གྱི་ཉེན་རྟོག་པ་ཚོ་སྐུ་ཕུང་གི་འཁྲིས་སུ་བཅར་བར་ས་གནས་ཁྲོམ་ལམ་གྱི་བོད་མི་རྣམས་ཕྱོགས་གཅིག་ཏུ་འཛོམས་ཏེ།  ཉེན་རྟོག་པ་ཚོར་རྡོ་བས་གཞུས་ཏེ་སྐུ་ཕུང་བཙན་འཕྲོག་བྱེད་དུ་མ་བཅུག་པར་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་རང་ཁྱིམ་དུ་གདན་འདྲེན་ཞུས་ཐུབ་ཡོད་ནའང་།  དེའི་རྗེས་ཉེན་རྟོག་པ་དང་སྤྱི་བདེ་མི་སྣའི་རླངས་འཁོར་མང་པོས་སྡེ་འདབས་ཡོངས་སུ་བསྐོར་ཏེ། སྡེ་བ་དེར་བསྔོ་སྨོན་གནང་བར་ཕེབས་མཁན་གྱི་ཨ་མཆོག་དགོན་པའི་དགེ་འདུན་པ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་རི་སྡེ་ཚོ་བའི་མི་རྣམས་བཀག་འགོག་བྱས་ཡོད་འདུག དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས། ཁོང་གི་སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག   མེར་བསྲེགས་གཏོང་མཁན་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་མི་ཚོས།   བོད་མིའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་། ལྷག་པར་དུ་རི་སྡེ་ཚོ་བར་འདས་མཆོད་མ་གྲུབ་གོང་དུ་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་ད་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་རྒྱ་གཞུང་གིས་བཙན་སྐུལ་དེར་ངོས་ལེན་བྱས་ཡོད་མི་འདུག ཡིན་ན་ཡང་དེའི་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་སོགས་ཀྱིས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལགས་དབང་མ་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་ནས། ཚོ་བའི་ཚོ་དཔོན་ཚོ་སྐོང་འགུགས་ཀྱིས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་འཇིགས་སྣང་སྐུལ་བ་དང་། ལྷག་པར་དུ་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་སློབ་གསོ་དུས་ཡུན་རིང་བོར་བརྒྱབ་པ་དང་། ཡང་སྤྱི་བདེ་ཅུའུ་ཡི་ཅུས་ཀྲང་གིས་མ་གཞི་ནས་ཁྱིམ་ཚང་དེ་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས་རང་དགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གྱིས་གཞུས་པ་སོགས་ཀྱིས་ཚོ་དཔོན་ཚོར་འཇིགས་སྐུལ་ཚད་མེད་བཟོས་ཏེ། རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་བ་ཚོ་བར་དཀའ་ངལ་བཟོ་བར་བསམ་ནས།  ཨ་ལགས་དབང་མ་ཚང་གི་བཀའ་བཀོད་ལྟར།   ཕྱི་ཚེས་༡༣  ཉིན་གྱི་མཚན་མོར་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱས་ཡོད་འདུག    སྐུ་ཕུང་ཞུགས་འབུལ་བྱེད་སྐབས་།   མཚན་མོ་མི་རྣམས་གཉིད་ལ་ཤོར་བའི་སྐབས་དང་བསྟུན་ནས་མི་ཁ་ཤས་ཤིག་ལས་བཏང་ཡོད་མི་འདུག   སྐབས་དེར་རྒྱལ་གཅེས་དཔའ་བོ་ཁོང་གི་ཨ་མས་སྐུ་ཕུང་ཞུགས་འབུལ་གྱི་བཙན་དབང་གི་བཀའ་དེ་གོ་ནས་དྲན་པ་བརྒྱལ་བ་དང་སྐར་མ་ཁ་ཤས་ལ་དབུགས་ཆད་པ་སོགས་ཀྱིས་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་དྲན་པ་སོས་པ་སོགས་ཐབས་སྡུག་གི་གནས་ཚུལ་བྱུང་ཡོད་པ་རེད་འདུག

རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནི།   མདོ་སྨད་བསང་ཆུ་རྫོང་ཨ་མཆོག་སྐྱིད་སྡེ་བའི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་དང་།  མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་ཡིན་ལ། ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་བ་དང།  དམ་པ་ཁོང་ནི།   མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་པར་མ་ཟད། ཆུང་དུས་ནས་རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་དང་ཡང་དུ་ཨང་དང་པོ་བླངས་མྱོང་མཁན་ཞིག་ཀྱང་ཡིན། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པ་དེར་སྔ་ཕྱིར་ཁུལ་དང་རྫོང་རིམ་པའི་ཨང་དང་པོའི་བྱ་དགའ་བླངས་མྱོང་ཡོད་འདུག ཁོང་གི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་ནའང་།   ཁྱིམ་ཚང་གི་འབྱོར་བ་སོགས་ཡག་པོ་ཡོད་པར་མ་ཟད། ཁོང་གི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་ནི།  ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན།

ཕྱི་ལོ་༢༠༡༢ ལོའི་ཟླ་༡༠ ཚེས་ ༢༦ ཉིན།  རྒྱལ་གཅེས་དཔའ་བོ་ཨ་མཆོག་ལྷ་མོ་ཚེ་བརྟན་ལགས་ཀྱིས་ཨ་མཆོག་སྲང་ལམ་དུ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་ཤོར་ཡོད་པ་དང།  ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ ཉིན།  ཨ་མཆོག་ཁྱི་ངན་སྡེ་བའི་རྒྱལ་གཅེས་དཔའ་བོ་ཚེ་རིང་དོན་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་སྐུ་སྲོག་ཤོར་བ་དང་།   ཡང་ཟླ་བ་དེའི་ཚེས་༢༦  ཉིན།  ཨ་མཆོག་གི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱིས་རྒྱ་ནག་གཞུང་ལ་རང་ལུས་མེར་བསྲེགས་ཀྱིས་ངོ་རྒོལ་བྱས་ཏེ་སྐུ་སྲོག་ཤོར་ཡོད་པ་དང་། ཕྱི་ལོ་༢༠༡༣  ལོར་ཡང་བསྐྱར་རྒྱལ་གཅེས་དཔའ་བོ་ཨ་མཆོག་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་སྐུ་སྲོག་ཤོར་བའི་ཡིད་སྐྱོའི་གནས་ཚུལ་རིམ་པར་བྱུང་བ་ལྟར། བོད་མདོ་སྨད་ཨ་མཆོག་ས་ཆ་གཅིག་པུ་ནས་ད་ལྟའི་བར་དུ་བོད་མི་ན་གཞོན་བཞི་ཡིས་རང་ལུས་མེར་བསྲེགས་ཀྱིས། ༸རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་པ་དང་།  གཏེར་ཁ་སྔོགས་འདོན་ལ་སོགས་པའི་རྒྱ་ནག་གི་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།     དེ་ལྟར་ན་ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༣  ཟླ༡ ཚེས༡༢  བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས༩༧  བྱུང་ཡོད་པ་དང་།   རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲ་ཤིས་ལགས་ནི།   རང་ལུས་མེར་བསྲེགས་ཀྱིས་སྐུ་གཤེགས་པ་མི་གྲངས་༨༡  པ་དེ་ཆགས་ཡོད་པ་རེད།

བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་རིམ་བཞིན།  རྒྱ་གཞུང་གིས། རང་ལུས་མེར་སྲེག་བྱ་དགོས་པའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་འཚོལ་ཞིབ་ཀྱིས་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་མ་བཙལ་བར། དེ་ལས་ལྡོག་སྟེ་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོ་རིག་འཚོ་མ་ཟིན་པ་དང་། ནང་མིར་དཀའ་ངལ་ཡོད་མཁན། འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། ཆོས་ལུགས་ལ་རྒོལ་མཁན། རྒྱལ་ཁབ་ཁ་བྲལ་གཏོང་མཁན། ཏཱ་ལའི་ཁ་བྲལ་རིང་ལུགས་པའི་བརྒྱུད་སྐུལ་འོག་ཏུ་འགྲོ་མཁན། ཁ་བྲལ་བའི་ཕྱོགས་གཏོགས་ཟེར་བ་སོགས་ངན་ཁག་སྣ་ཚོགས་གཡོག་བཞིན་པ་མ་ཚད། ཕྱི་ལོ་ ༢༠༡༢ ཟླ་༡༡ ཚེས་༡༤ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས། རང་ལུས་མེར་སྲེག་གི་གནད་དོན་ལ་དམིགས་ནས་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་དོན་ཚན་ལྔ་ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད

ཡང་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་སྲེག་དང་འབྲེལ་བའི་དོན་ཚན་བདུན་ཅན་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། རང་སྲེག་རྒྱག་རྩིས་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི་ལྔ། རང་སྲེག་ལ་སྐུལ་སློང་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་སྒོར་ཁྲི་བཅུ། རང་སྲེག་བཀག་མཁན་ལ་སྒོར་ཁྲི་ཉི་ཤུ། རང་སྲེག་རྒྱག་མཁན་གྱི་ཁྱིམ་མིར་ཞལ་འདེབས་རྩ་འཛུགས་ཉེས་འདོན་བྱེད་མཁན་ལ་སྒོར་སྟོང་གཅིག་སོགས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཡང་ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་༣ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འོག་རིམ་ལ་ཁྱབ་བསྒྲགས་བྱས་ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཡོད།

བསམ་འཆར་དེའི་དོན་བསྡུས་ན། རང་སྲེག་གི་གནས་ཚུལ་བྱུང་ཡུལ་དུ་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་བཀག་འགོག་བྱས་པ་དང་། དེ་བཞིན་རང་ལུས་མེར་སྲེག་གི་ཆེད་དུ་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན་རྣམས་ལ་ཉེས་ཁྲིམས་གཅོད་རྒྱུ་ཞེས་དང་། ཡང་དེའི་ནང་། རང་ལུས་མེར་སྲེག་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློང་བ། རང་སྲེག་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་སློང་སྟེ་མི་མང་འདུ་འཛོམ་བྱ་ཡུལ་གྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པ། མི་མང་འདུ་འཛོམས་བྱ་ཡུལ་དུ་རང་སྲེག་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤྱི་པའི་བདེ་དོན་ལ་གནོད་སྐྱེལ་བ། སྤྱི་བདེའི་མི་སྣ་དང་། ཉེན་རྟོག་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་བཅས་ཀྱིས་གཞུང་དོན་བྱེད་སྐབས་འགོག་རྐྱེན་བཟོ་བ་སོགས་ཉེས་ཁྲིམས་གཅོད་རྒྱུ།  མེར་སྲེག་བརྒྱུད་སྐུལ་བྱེད་མཁན་མི་གསོད་ནག་ཉེས་ཀྱི་ཁྲིམས་ཐོག་སྦྱར་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དེ་ནི། རྒྱ་གཞུང་གི་དཔོན་རིགས་དབང་ཆ་གཅིག་བསྡུས་རིང་ལུགས་པ་ཚོས། གང་འདོད་ལྟར་བསམ་འཆར་འདི་ཁ་གཡར་ཆེད་དུ་བཀྲམ་པ་ཞིག་ཡིན།

གང་ཡིན་ཞེ་ན། ད་ལྟའི་སྐབས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་འབྲེལ་ཡོད་མི་སྣ། ནང་མི། ཁྱིམ་མཚེས། གྲོང་མི་སོགས་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བྱེད་མཁན་གྱི་སྐུ་ཕུང་རྒྱ་ལག་ཏུ་མི་ཤོར་བ་དང་། བོད་ལུགས་ལྟར་ཞལ་འདོན་སྨོན་ལམ་སོགས་ཀྱིས་རྗེས་འཇུག་སྒྲུབ་སྲོལ་ཡོད་པ་ལྟར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ད་དུང་ས་གནས་མང་པོའི་ནང་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་སྨོན་ལམ་འཚོགས་པ་དང་མི་རྒན་པ་ཚོས་གཏམ་བཤད་སྤེལ་བ་སོགས། ཚང་མས་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ཚོར་མནར་གཅོད་གཏོང་ཆེད་དུ་ཡིན་པ་དང་། ད་ལྟའི་སྐབས་བསམ་འཆར་ལ་ཁག་དཀྲིས་ནས་བོད་མི་མང་པོ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་འགོ་བཙུགས་ཡོད་ཅིང་། ཐ་ན་རང་ལུས་མེར་སྲེག་བྱེད་མཁན་ལ་བལྟས་པ་ཙམ་གྱིས་ཉེས་ཁྲིམས་གཅོད་རྒྱུ་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི། མི་སྤྱོད་ལས་འདས་པ་དང་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་བརྗོད་ཆོག

ད་ཐེངས་རང་ལུས་མེར་སྲེག་གནང་མཁན་ཚེ་རིང་བཀྲིས་ལགས་ནི། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་དྲིལ་བསྒྲྲགས་སྣ་ཚོགས་དང་བཙོན་འཇུག་བཀག་ཉར་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས་རང་སྲེག་གནང་བ་ཞིག་ཡིན་པས། རྒྱ་གཞུང་གི་འཁྱོག་བཤད་དང་ལྐོག་རྔན་སྤྲོད་ཐབས། མི་མང་བསླུ་ཐབས། དྲིལ་བསྒྲགས་སྣ་མང་ཅན་དེས་དུས་ནམ་ཡང་བོད་མི་ཚོ་བསླུ་མི་ཐུབ་པའི་རྟགས་མཚན་གསལ་པོ་ཆགས་ཡོད་པས། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལོ་གསར་པ་འདིའི་ནང་རྣམ་དཔྱོད་གསར་པ་ཞིག་བཏོན་ནས། བོད་མི་ཚོས་རང་ལུས་མེར་སྲེག་བྱས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ཁོང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐབས། ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། དེ་ལས་ལྡོག་སྟེ་རྒྱུན་ལྡན་བཞིན་ངན་ཁག་ཡོངས་རྫོགས་གཞན་དཀྲིས་བྱས་ཏེ་བསྡད་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མེ་ཡིས་འཚིགས་སྲིད་པས་དེ་དུས་རི་ལུག་ཀྱང་ཐག་པས་མི་འདུམ་ཟེར་བའི་དཔེ་དེ་རྒྱ་གཞུང་ལ་མངོན་དུ་གྱུར་ངེས་ཡིན། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རང་ལུས་མེར་སྲེག་ཐད་རྒྱབ་སྐྱོར་ངེས་གནང་ཡོང་བར་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས།

ཕྱི་ལོ་༢༠༡༣ ཟླ་༡ ཚེས་༡༤ ཉིན།།