རྒྱལ་གཅེས་དཔའ་བོ་ཚེ་ཁོ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 ༄༅། །འདི་གར་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར། ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༧ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཡས་མས་སུ་བོད་མདོ་སྨད་རྔ་པའི་རྨེའུ་རུ་མ་ཡུལ་ཚོའི་རང་ལོ་ ༤༤ ཡས་མས་ཅན་གྱི་ཚེ་ཁོ་ལགས་ཀྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་ཞི་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་འདུག

བོད་རྒྱལ་གཅེས་དཔའ་བོ་ཚེ་ཁོ་ལགས་ནི་དེང་སྐབས་རྒྱ་གཞུང་གིས་བོད་ས་བཅད་བཟུང་ལྟར་གྱི་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་བཞི་བའི་གནམ་མཚོ་སྡེ་བ་ནས་ཡིན་པའི་ཕ་ཀ་དག་དང་། མ་སྐྱིད་ལྷ་གཉིས་ཀྱི་བུ་རུ་སྐྱེས་ཤིང་འདི་ལོར་རང་ལོ་ ༤༤ ཡས་མས་ཡིན་འདུག དམ་པ་ཁོང་གི་ཕ་གཅིག་པའི་སྤུན་མཆེད་གནམ་མཚོ་དགོན་གྱི་གྲྭ་ས་སྙིང་ལགས་རྒྱལ་ཁབ་བརྟན་བརླིང་ལ་གཏོར་བཤིག་གཏོང་མཁན་གྱི་ཁ་བྲལ་བ་ཟེར་བར་ཁག་དཀྲིས་ནས་རྒྱའི་བཙོན་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་མཐར་འདས་གྲོངས་སུ་ཕྱིན་པས་མ་ཚད། ཕ་གཅིག་པའི་སྤུན་མཆེད་གནམ་མཚོ་དགོན་པའི་དགེ་བསྐོས་ཨུ་རྒྱན་རྒྱ་མཚོ་ལགས་ཀྱང་ཉེས་མེད་བཙོན་འཇུག་བྱས་འདུག དེ་བས་ད་ལྟ་དམ་པ་ཁོང་གི་ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་ཡོད་པ་ཙམ་ལས་དེ་དག་གི་མིང་དང་སྐུ་ཕུང་ཞུགས་འབུལ་སོགས་རྗེས་འབྲེལ་གནས་སྟངས་མང་པོ་ཞིག་ཤེས་རྟོགས་དང་གསལ་ཁ་བྱུང་ཐུབ་མེད།

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་རྔ་པ་ཀིརྟི་དགོན་གྱི་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༥༢ བྱུང་ཁོངས་ནས་མི་གྲངས་ ༡༣༠ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མིན་རྣམས་ཀྱི་སྐུ་གཟུགས་གནས་སྟངས་དང་འདས་གསོན་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། རྔ་པ་རྫོང་ནི་ད་བར་བོད་མི་རང་ལུས་མེར་བསྲེགས་མང་ཤོས་གཏོང་ཡུལ་གྱི་ས་གནས་ཤིག་ཆགས་ཡོད།

༡༽    འདས་པའི་མི་ལོ་ ༩ ལྷག་རིང་བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་ལྷག་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་བ་འདི་ནི་འཛམ་གླིང་གི་བྱུང་རབས་ལོ་རྒྱུས་ཐོག་ཤིན་ཏུ་མཐོང་དཀོན་པའི་གནས་སྟངས་ཛ་དྲག་ཅན་ཞིག་ཆགས་ཡོད་པ་ལྟར་རྒྱ་གཞུང་གི་དཔོན་རིགས་ཚོས་རང་ཉིད་ཀྱི་ཆབ་འབངས་སུ་བསྙད་པའི་བོད་མི་ཚོ་འགྲོ་བ་མི་ཡིན་པར་ངོས་འཛིན་གསལ་བོ་བྱེད་དགོས་པ་དང་། རྒྱ་གཞུང་གི་དཔོན་རིགས་རང་ཉིད་ཚོ་ཡང་འགྲོ་བ་མིའི་རིགས་སུ་གཏོགས་པའི་འདུ་ཤེས་སྐྱེས་དགོས་པར་མ་ཟད་མིས་མི་ལ་བཏོན་པའི་དགོས་འདུན་དང་། མིས་མི་ལ་བཅངས་བའི་བརྩེ་སེམས་ལ་བདག་སྤྲོད་ངེས་པར་བྱ་དགོས།

༢༽   བོད་མི་དེ་རྣམས་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་གྱུར་པའི་རྐྱེན་རྩ་ནི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་མུ་མཐུད་མཁྲེགས་བཟུང་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། དེང་གི་ཆར་འཚོགས་བཞིན་པའི་རྒྱ་ནག་གི་ཚོགས་ཆེན་གཉིས་ཟེར་བའི་བརྗོད་དོན་གཙོ་བོ་དམངས་ཕན་སྲིད་ཇུས་གསར་འཛུགས་དང་ལག་ལེན་དོན་འཁྱོལ་གཏོང་རྩིས་ཡོད་ན། བོད་རྒྱ་ཆེའི་མང་ཚོགས་ཀྱི་ཐོག་ལ་མངོན་སུམ་འཛེམས་མེད་ཀྱིས་ལག་བསྟར་བྱ་བཞིན་པའི་གདུག་རྩུབ་ཅན་གྱི་ཇུས་ངན་དེ་ཚོ་གང་མགྱོགས་ཕྱིར་འཐེན་བྱེད་དགོས་པར་མ་ཟད། མི་རིགས་འདྲ་མཉམ་དང་རྒྱལ་དར་དམངས་ཕན་ཡོང་ཕྱིར་མི་སྤྱོད་ལས་འདས་པའི་ལམ་ལུགས་དེ་དག་གང་མགྱོགས་ལེགས་བཅོས་བྱས་ཏེ་བོད་མིའི་མངོན་འདོད་དང་མཐུན་པའི་སྲིད་བྱུས་ལག་བསྟར་བྱེད་དགོས་པ་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་འབྲེལ་མོལ་མགྱོགས་ནས་བསྐྱར་མཐུད་དགོས་རྒྱུ་བཅས་ཀྱི་བསྒྲགས་གཏམ་དུ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༨ ལ།།

Menu