རྒྱལ་གཅེས་དཔའ་བོ་མཛོད་དགེ་སྐལ་བཟང་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུསལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༧ ཉིན།  བོད་ནང་གི་ཕྱི་དྲོའི་དུས་ཚོད་༦།༣༠ ཙམ་ལ་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་དགོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་རང་ལོ་༢༤ ཡིན་པ་རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱིས་དང་ཐོག་ཡུལ་ཚོའི་སྲིད་གཞུང་གི་སྒོ་འགྲམ་དུ་མ་སླེབས་ཙམ་ལ་གཟུགས་པོའི་སྒང་ལ་ས་སྣུམ་ལྡུག་བཞིན་”༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག ༸ཀིརྟི་རིན་པོ་ཆེ་སྐུ་ཚེ་བསྐལ་བརྒྱར་བརྟན་པར་ཤོག་”ཅེས་སྐད་འབོད་བྱས་ཏེ་ཡོང་ཡོད་པ་དང་། ཡུལ་ཚོ་སྲིད་གཞུང་གི་སྒོ་འགྲམ་ལ་སླེབས་དུས་གཞི་ནས་མེ་བསྒྲོན་ཏེ་རྐྱང་ཚ་ཡུལ་ཚོའི་སྲིད་གཞུང་གི་ལས་ཁུངས་སྒོ་འགྲམ་ནས་རང་ལུས་མེར་བསྲེགས་བཏང་སྟེ་སྐབས་ཐོག་དེར་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བ་དང་ཉེ་འཁོར་གྱི་ཆུ་རྒྱུད་གཤོག་ཀ་དང་སྐེ་རྒྱུད་གཤོག་ཀ་སོགས་ཀྱི་མི་མང་གིས་ཁོང་གི་སྐུ་ཕུང་རང་ཁྱིམ་ལ་གདན་ཞུས་ཀྱིས་དྲན་པ་དགོན་པ་དང་། རྒྱལ་དགེ་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུངས་ཡོད་འདུག

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་བཞིན་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་བཞིན་པའི་རྣམ་པ།

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་རྗེས་དགེ་འདུན་པ་ཚོས་སྨོན་ལམ་འདོན་བཞིན་པ།རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ཀྱི་རང་ལུས་མེར་བསྲེགས་གནང་རྗེས་དགེ་འདུན་པ་ཚོས་སྨོན་ལམ་འདོན་བཞིན་པ།

རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་ནི། རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་རྐྱང་ཚ་ཡུལ་ཚོའི་དགོས་གཤོག་ཀའི་མདོ་བ་མེ་དགེ་སྡེ་བའི་བཀྲ་པོ་ཚང་གི་ཕ་ཁྲོ་རྒྱལ་དང་།   མ་ཨ་ཆོས་གཉིས་ཀྱི་བུ་ཡིན་པ་དང་།    ཁོང་ལ་ཕ་མ་གཅིག་པའི་མིང་སྲིང་དྲུག་ཡོད་པའི་ནང་གི་གསུམ་པ་ཡིན་ཞིང་། ཆུང་ཆུང་སྐབས་ནས་དུས་ཚོད་མང་ཆེ་བ་ནོར་ལུག་གི་རྫི་བོ་བྱས་ཏེ་བསྐྱལ་ཡོད་པ་ལས། སློབ་གྲྭར་འགྲོ་མྱོང་མི་འདུག རྒྱུན་དུ་མི་གཤིས་ཧ་ཅང་འཇམ་པོ་ཞིག་དང་། སྐད་ཆ་མང་པོ་མི་བཤད་མཁན་ཞིག་ཡིན་འདུག ཉིན་ཤས་གོང་ནས་མི་རེ་ཟུང་ལ་རང་ལུས་མེར་བསྲེག་གཏོང་གི་ཡིན་ཞེས་པའི་སྐད་ཆ་རེ་བཤད་ཡོད་ཀྱང་མི་རྣམས་ཀྱིས་དམིགས་བསལ་དོ་སྣང་བྱས་མེད་པ་དང་། ཁ་སང་འབྲོག་ས་ནས་གྲོང་ལ་ཡོང་སྟེ།  དེ་རིང་ཞོགས་པར་སྔ་བོ་ནས་མདོ་བ་མེ་དགེ་སྡེ་བ་ནས་སྤྱི་ལེ་༣ ལྷག་ཡོད་པའི་རྐྱང་ཚ་ཡུལ་ཚོར་སོང་སྟེ་ཕྱི་དྲོར་རང་ལུས་མེར་བསྲེགས་བཏང་འདུག གནས་ཚུལ་དེ་བྱུང་རྗེས་བཞག་ལྡོམ་ཡུལ་ཚོའི་དྲག་ཆས་ཉེན་རྟོག་པ་དང་།   དམག་མི་མང་པོ་རྐྱང་ཚ་ཡུལ་ཚོར་འབྱོར་ནས་ས་གནས་སུ་དམ་དྲག་བྱེད་མུས་ཡིན་འདུག་པ་བཅས། ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང།

དེ་ལྟར་ན།   ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༢༧ བར་བོད་ནང་དུ་རང་ལུས་མར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༨༦ བྱུང་ཞིང་།  རྒྱལ་གཅེས་དཔའ་བོ་སྐལ་བཟང་སྐྱབས་ལགས་དང་།  འབྲི་རུ་རྫོང་གི་རྒྱལ་གཅེས་དཔའ་བོ་ཚེ་རྒྱས་ལགས།  ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༧ ཉིན་རང་ལུས་མེར་བསྲེགས་ཀྱིས་ཟླ་ ༡༡ ཚེས་ ༡༨ ཉིན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་པ་ཤེེས་རྟོགས་བྱུང་པ་བརྩིས་པའི་ད་ལྟ་བར་འདས་གྲོངས་སུ་གྱུར་བ་མི་གྲངས་ ༧༢ བྱུང་ཡོད།  ཕྱི་ཟླ་ ༡༡་ནང་གཅིག་པུར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༤ ཡིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད།

རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ཏེ།  བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ།  ད་དུང་དེ་ལས་ལྡོག་སྟེ་དམངས་སེམས་ལ་གནོད་གཞིའི་སྲིད་བྱུས་སྣ་མང་ལག་བསྟར་བྱས་དང་བྱེད་བཞིན་པ་དེས་བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་པས།   དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན།   ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

  • ༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།
  • ༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༢༨ ལ།།

Menu