རྒྱལ་གཅེས་དཔའ་བོ་བློ་བཟང་རྡོ་རྗེ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༣ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་དྲུག་དང་ཕྱེད་ཀ་ཙམ་ལ། རྔ་བ་རང་སྐྱོང་ཁུལ་རྔ་བ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་ཚེ་དཔག་དང་མ་ན་མེ་སྐྱིད་གཉིས་ཀྱི་བུ་རང་ལོ་ ༢༥ ལ་སོན་པ་བློ་བཟང་རྡོ་རྗེ་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་བཏང་ཡོད་འདུག་པ་དང་། གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་དུ་ཡོད་པའི་རྒྱ་གཞུང་གི་ཉེན་རྟོག་པ་མང་པོ་འབྱོར་ནས། ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་དེ་བཙན་འཁྲིད་བྱས་པར་བརྟེན། ད་ལྟའི་ཆར་ཁོང་ཤི་གསོན་གྱི་གནས་སྟངས་དང་གང་དུ་ཡོད་མེད་སོགས་ཤེས་རྟོགས་ཐུབ་མེད། ཁོང་ལ་མིང་སྲིང་བཞི་ཡོད་པའི་ཆེ་བ་བུ་མོ་དར་མཚོ་དང་། གཉིས་པ་བློ་བཟང་རྡོ་རྗེ་ཁོང་ཡིན་ཞིང་། གསུམ་པ་བུ་མོ་མེས་མེས། བཞི་པ་བུ་བཀྲ་ཤིས་བཅས་ཡིན་འདུག བློ་བཟང་རྡོ་རྗེ་ཁོང་ཆུང་ཆུང་སྐབས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་ལོ་ཤས་རིང་དགོན་པའི་ནང་བསྡད་འདུག་ཀྱང་། རྗེས་སུ་སྐྱ་བབས་ནས་ཨ་མ་དང་སྤུན་ཆུང་བ་བཀྲ་ཤིས་གཉིས་དང་མཉམ་དུ་མགོ་ལོག་དར་ལག་རྫོང་དུ་རླངས་འཁོར་འཁྲུ་སའི་ཚོང་ཁང་ཞིག་གཉེར་ནས་བསྡད་ཡོད་འདུག ཉེ་དུས་རྔ་བ་ཀིརྟི་དགོན་པའི་སྨོན་ལམ་ཆེན་མོར་མཇལ་དུ་ཡོང་བ་དང་། ལོ་འདིའི་བོད་ཚེས་བཅུ་བཞིའི་ཉིན་རྔ་བ་ཀིརྟི་དགོན་པའི་འཆམ་མཇལ་དུ་ཡོང་ཡོད་འདུག གནས་ཚུལ་དེ་བྱུང་མ་ཐག་རྔ་བ་རྫོང་མཁར་གྱི་གཞུང་ལམ་ཁག་དང་ལམ་གྱི་བཞི་མདོ་སོགས་དྲག་ཆས་ཉེན་རྟོག་པ་དང་དམིགས་བསལ་ཉེན་རྟོག་པ་མང་པོས་དམ་དྲག་ནན་མོ་བྱས་ཡོད།

lob

ཕྱི་ལོ་ ༢༠༠༩ ནས་ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས། བོད་ནང་གི་བོད་མི་ ༡༢༦ ཙམ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་ཀྱང་རྒྱ་གཞུང་གིས་ད་དུང་ཡང་བོད་མིའི་མངོན་འདོད་ལ་བསམ་ཞིབ་དང་། བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་ཇུས་ལ་སྒྱུར་བཅོས་གང་ཡང་བཏང་མེད། དེ་ལས་ལྡོག་སྟེ་རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ། གྲོང་མི། ཁྱིམ་མཚེས་སོགས་ལ་ཉེས་འཛུགས་སྣ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་གཏོང་གི་ཡོད། ད་དུང་ཟླ་འདིའི་ཚེས་ ༢ ཉིན་བོད་ཀྱི་ས་གནས་སོག་རྫོང་ཁྲི་རྡོ་ཡུལ་ཚོ་རྡོ་བ་གཤར་ཚ་དགོན་པའི་གྲྭ་པ་ ༤ ཡིས། ས་གནས་སུ་བོད་རང་བཙན་གྱི་ཡིག་ཆ་ ༤༠ ལྷག་སྦྱར་འགྲེམས་བྱས་ཡོད་པ་དང་། རྒྱ་གཞུང་གི་སྤྲད་པའི་དགོན་པའི་སྒོ་བྱང་མེད་པ་བཟོས་པ། དགོན་པར་བཅའ་སྡོད་རུ་ཁག་གི་སྒོ་དང་སྒེའུ་ཁུང་ལ་རྡོ་གཞུས་ཡོད་ཚུལ་སོགས་ཀྱི་ཉེས་མིང་བཀལ་ཏེ་འཛིན་བཟུང་བྱས་རྗེས་སོག་རྫོང་དུ་འཁྲིད་ཡོད་ཀྱང་། ནང་མི་ཉེ་འབྲེལ་ཚོས་ཁོང་ཚོ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་འདུག ཐེངས་འདིར་རྒྱ་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས་པའི་གྲྭ་བ་དེ་དག་ནི། དཔལ་འགྲུབ་ཚང་གི་རང་ལོ་ ༢༠ ཡིན་པའི་གྲྭ་ཚུལ་ཁྲིམས་དཔལ་བཟང་དང་། བསོད་ཚིམ་ཚང་གི་རང་ལོ་ ༡༥ ཡིན་པའི་གྲྭ་བློ་བཟང་ཡེ་ཤེས། མི་ཆུང་ཚང་གི་རང་ལོ་ ༢༢ ཡིན་པའི་གྲྭ་སྐལ་བཟང་བྱམས་པ། ཨ་གནམ་ཚང་གི་རང་ལོ་༢༣ ཡིན་པའི་གྲྭ་སྐལ་བཟང་རྡོ་རྗེ་བཅས་ཡིན་འདུག

རྒྱ་ནག་གཞུང་གིས། དོན་དངོས་སྦས་འགེབ་དང་འགན་འཁུར་མེད་པའི་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། གཡས་ཁག་གཡོན་དཀྲི་མེད་པར་བོད་མིའི་རང་དབང་དང་མངོན་འདོད་ཀྱི་འབོད་སྒྲ་ཉན་འཇོག་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས་པ། རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཕ་མ་དང་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་གཙོས་སྤུན་མཆེད་ཉེ་འབྲེལ་ཚོར་ཉེས་མེད་ཉེས་འཛུགས་ཀྱིས་གང་བྱུང་འཛིན་བཟུང་གིས་སྡུག་སྦྱོང་དང་ཁྲིམས་ཐག་བཅད་དང་གཅོད་བཞིན་པ་དེ་རིགས་འཕྲལ་དུ་མཚམས་འཇོག་དང་གློད་གྲོལ་གཏོང་དགོས་ལ། བོད་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཡོངས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་སྔར་ལྷག་ནུས་ཤུགས་འདོན་དགོས་པའི་དུས་ལ་བབ་ཡོད་པས། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་སྒྱུར་བཅོས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་ནན་བརྗོད་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༡༤ ཉིན།

 

Menu