རྒྱལ་གཅེས་དཔའ་བོ་བསྟན་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

༄༅། །འབྲེལ་ཡོད་ནས་གནས་ཚུལ་འབྱོར་གསལ་ལྟར། ཕྱི་ལོ་ ༢༠༡༧ ཟླ་ ༡༡ ཚེས་ ༢༦ རེས་གཟའ་ཉི་མའི་ཉིན་བོད་མདོ་ཁམས་དཀར་མཛེས་རྫོང་ཐོག་ཏུ་རང་ལོ་ ༦༣ ཡས་མས་ཙམ་ཡིན་པ་གྲྭ་བསྟན་དགའ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ཆེད་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག ཁོང་འདས་གྲོངས་སུ་ཕྱིན་རྗེས་སྐུ་ཕུང་རྒྱ་གཞུང་གི་ཉེན་རྟོག་པས་བཙན་འཁྱེར་བྱས་ནས་ཁོང་གི་ནང་མིའི་ལག་ཏུ་ཕྱིར་རག་སོན་བྱུང་མེད་པ་དང་། དོན་རྐྱེན་དེ་བྱུང་རྗེས་ས་གནས་ལ་རྒྱ་གཞུང་དམག་མི་དང་ཉེན་རྟོག་པས་སྔར་ལས་དམ་དྲག་ཆེ་རུ་བཏང་སྟེ་དཀར་མཛེས་རྫོང་ཁུལ་དུ་ཁ་པར་དང་དྲ་རྒྱའི་བརྒྱུད་ལམ་ཁག་བཀག་འགོག་བྱས་ཡོད་སྟབས་ས་གནས་སུ་འབྲེལ་གཏུག་བྱ་དཀའ་བར་བརྟེན། ཞིབ་ཕྲའི་གནས་ཚུལ་ཁ་གསལ་ཤེས་རྟོགས་མ་ཐུབ་པ་གྱུར་ཡོད།

གྲྭ་བསྟན་དགའ་ལགས་ནི་དཀར་མཛེས་རྫོང་དང་ཐག་ཉེ་བའི་མདའ་མདོ་གྲོང་ཚོ་ནས་ཡིན་ཞིང་ཁོང་ལ་ཕ་མ་གཅིག་པའི་སྤུན་མཆེད་གསུམ་ཡོད་པ་དང་། ཁོང་གི་ཁྱིམ་ཚང་འཚོ་བའི་གནས་སྟངས་གང་ལེགས་ཡོད་འདུག ལྷག་དོན་དམ་པ་ཁོང་གིས་ཕ་ཡུལ་གྱི་མང་ཚོགས་རྣམས་ལ་ནང་ཆོས་སློབ་ཁྲིད་གནང་གི་ཡོད་སྟབས་མང་ཚོགས་ཁྲོད་དམ་པ་ཁོང་ལ་རྒན་བསྟན་དགའ་ཞེས་འབོད་སྲོལ་འདུག ཁོང་གིས་རང་ལུས་ལ་མེ་འབར་བཞིན་དུ་བོད་ལ་རང་དབང་དགོས་པའི་འབོད་ཚིག་བསྒྲགས་ཡོད་པ་ཉེ་འགྲམ་བོད་མི་ཚོས་གོ་ཐོས་བྱུང་འདུག

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་གྲྭ་བཀྲ་བྷེ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་བཏང་བ་ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོར་བྱུང་བ་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༡༥༠ བྱུང་ཁོངས་ནས་མི་གྲངས་ ༡༢༨ འདས་གྲོངས་སུ་ཕྱིན་ཡོད་པ་དང་། དེ་མིན་མི་གྲངས་ ༢༢ ཀྱི་སྐུ་གཟུགས་གནས་སྟངས་དང་འདས་གསོན་ཁ་གསལ་མེད་པ་བཅས་ཀྱི་གནས་སྟངས་ཆགས་ཡོད།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་པ་འགོ་བཙུགས་པ་ནས་བཟུང་བོད་ལ་དབང་བསྒྱུར་བྱ་འགོ་བརྩམས་ཤིང་རིམ་བཞིན་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ་མི་ལོ་ ༦༠ ཙམ་གྱི་རིང་དྲག་གནོན་དང་གདུག་རྩུབ་ཁོ་ནའི་དབང་གིས་བོད་མི་རྣམས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་སྦྱོང་མནར་གཅོད་ཀྱི་དབང་འོག་ཏུ་བཅུག་པ་མ་ཟད། བོད་ཀྱི་འགྲོ་བ་མི་ཡི་གཞི་རྩའི་ཐོབ་ཐང་འཕྲོག་པ། ཆོས་དང་རིག་གཞུང་། རང་འབྱུང་གི་ཁོར་ཡུག་སོགས་སྣོད་བཅུད་ཡོངས་ལ་གཏོར་སྐྱོན་ཚད་མེད་བཏང་སྟེ་བོད་གངས་ཅན་ལྗོངས་ནི་རྒྱ་ཡི་མི་སེར་སྤེལ་ཡུལ་ཞིག་ཏུ་བཟོས་ཏེ། བོད་མི་རྣམས་བོད་ས་ནང་ཁུལ་དུ་གནས་སྐོར་མཆོད་མཇལ་དང་། ཡུལ་སྐོར་སྤྲོ་འཆམ། གཉེན་ཉེ་ཐུག་འཕྲད་སོགས་འགྲོ་བར་ཉེས་ཅན་པ་འདྲི་གཅོད་བྱེད་དུ་ཕྱིན་པ་ལྟ་བུའི་དམ་དྲག་དང་། གཞིས་བྱེས་བོད་མིའི་བར་གྱི་འགྲོ་འོང་དང་འབྲེལ་ལམ་ལ་དངོས་ཤུགས་བརྒྱུད་གསུམ་ནས་སོ་བལྟ་དང་བཀག་བསྡོམས་ཤུགས་ཆེ་བྱེད་བཞིན་པ་སོགས་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་མཁྲེགས་བཟུང་བྱས་པར་བརྟེན། གཞིས་བཞུགས་བོད་མི་རྣམས་ཀྱིས་རྒྱ་གཞུང་ལ་ད་བར་ཞི་རྒོལ་རྒྱུན་མ་ཆད་པ་གནང་དགོས་གྱུར་ཡོད་པ་དང་། དམིགས་བསལ་བོད་མི་རྒན་བྱིས་སེར་སྐྱ་ཕོ་མོ་དབྱེར་མེད་ཀྱིས་རང་ལུས་མེར་བསྲེགས་བཏང་དགོས་ཐུག་དོན་ཡང་གོང་གསལ་གནད་དོན་ཁག་ཆགས་ཡོད། དེར་བརྟེན་རྒྱ་ནག་དབང་འཛིན་པ་ཚོས་བོད་མི་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་དགོས་འདུན་དང་འབོད་སྒྲ་ཁག་ལ་བདག་སྤྲོད་ཀྱིས་མ་འོངས་པར་དེ་ལྟར་ཡོང་མི་དགོས་པའི་འགན་ལེན་གྱིས་བོད་རྒྱའི་དཀའ་རྙོག་གང་མགྱོགས་སེལ་ཐབས་དགོས་པ་དང་། རྒྱལ་གཅེས་དཔའ་བོ་བསྟན་དགའ་ལགས་ཀྱི་གཉེན་ཉེ་འབྲེལ་ལྟོས་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༢༠༡༧ ཟླ་ ༡༡ ཚེས་ ༣༠ ལ།།