རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།

tibettimes1

༄༅། །དེ་ཡང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༨ སྟེ་རྒྱལ་སྤྱིའི་འགྲོ་བ་མི་ཡི་ཐོབ་ཐང་གི་ཉིན་མོའི་ཉིན་གཉིས་ཀྱི་སྔ་རོལ་དུ་བོད་མདོ་སྨད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བའི་རྨ་ཆུ་རྫོང་ཐོག་གི་རྨ་ཆུ་ལམ་གྱི་སྲང་གཞུང་དུ་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༦།༡༥  ཡས་མས་ཙམ་ལ་རང་ལོ་ ༣༡ སོན་པ་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རབ་བརྟན་ལགས་ཀྱིས་བོད་དོན་ཆེད་རང་ལུས་མེར་བསྲེགས་བཏང་སྟེ་འདས་གྲོངས་སུ་ཕྱིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད། ཁོང་གི་ཨ་མ་ཚེ་ལས་འདས་ཟིན་པ་དང་ད་ལྟ་ཤུལ་དུ་བཟའ་ཟླ་དང་བུ་ཕྲུག་གཉིས་བཅས་ལྷག་ཡོད་འདུག ཁོང་ནི་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣ ཉིན་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་མོ་ཚེ་རིང་སྐྱིད་ལགས་ཀྱི་ཨ་ཁུའི་བུ་ཡིན་པ་མ་ཟད། ཚེ་རིང་སྐྱིད་དང་ཁོང་རྣམ་གཉིས་ཀྱི་རང་ལུས་མེར་བསྲེགས་གཏོང་ཡུལ་ས་གནས་གཅིག་པ་ཆགས་འདུག

ཁོང་གིས་རྨ་ཆུ་རྫོང་གི་སྔོ་ཚལ་ཁྲོམ་ར་ནས་རང་ལུས་ལ་མེ་བསྒྲོན་ཏེ་མེ་ལྕེ་ལྷུབ་ལྷུབ་འབར་བའི་ཁྲོད་ནས་“རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་འཇུག་དགོས།” ཞེས་སྐད་འབོད་རྒྱག་བཞིན་གོམ་པ་བརྒྱ་ཕྲག་གཅིག་ལྷག་ཕྱིན་རྗེས་ས་རུ་འགྱེལ་ཡོད་པ་དང་། དེ་རྗེས་རྒྱ་གཞུང་གི་ཉེན་རྟོག་པ་འབྱོར་ནས་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

15325126_10208049325411906_3616981744352674677_o

ཕྱི་ཉིན་ཁོང་གི་བཟའ་ཟླ་བུ་ཕྲུག་རྣམས་ཉེན་རྟོག་པས་རྫོང་སྤྱི་བདེ་ལས་ཁུངས་སུ་བཙན་འཁྲིད་བྱས་པ་དང་། ཨ་ཁུ་བསོད་ནམས་ཡེ་ཤེས་སོགས་གཉེན་འབྲེལ་ཁག་ཅིག་རྫོང་ཉེན་རྟོག་ལས་ཁུངས་སུ་ཁོང་གི་སྐུ་ཕུང་ལེན་དུ་ཕྱིན་པ་རྣམས་ཀྱང་འཛིན་བཟུང་བྱས་ཡོད་གནས་ཐོན་འདུག ད་དུང་ཁོང་གིས་གཞན་ལ་སྐུལ་མ་གནང་སྟེ་འབྲི་བཅུག་པའི་རྒྱ་ཡིག་ཐོག་ཞལ་ཆེམས་ཤིག་ཀྱང་བཞག་ཡོད་འདུག

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ནས་བཟུང་ ༢༠༡༦ ཟླ་ ༡༢ ཚེས་ ༨ བར་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་བོད་བསྟན་སྲིད་ཆེད་རང་ལུས་མེར་སྲེག་གཏོང་མཁན་ཤེས་རྟོགས་ར་འཕྲོད་གསལ་པོར་བྱུང་བ་མི་གྲངས་ ༡༤༥ བྱུང་ཡོད་པ་དང་། དེའི་ཁོངས་ནས་འདས་གྲོངས་སུ་ཕྱིན་པ་ ༡༢༥ བྱུང་ཡོད། གཞན་ཕལ་ཆེར་འདས་གསོན་ཇི་ཕྱིན་གྱི་གནས་སྟངས་ཁ་གསལ་ཤེས་རྟོགས་རྩ་བ་ནས་ཐུབ་ཀྱི་མེད་པ་རེད།

༡༽ རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དམ་དྲག་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་འོག་བོད་མི་བརྒྱ་ཕྲག་གཅིག་དང་ཕྱེད་མ་ཟིན་ཙམ་གྱིས་རང་གི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་ནས་རང་ལུས་མེར་བསྲེགས་གནང་སྐབས་ཀྱི་སྐད་འབོད་དང་། ཞལ་ཆེམས། དགོས་འདུན་བཅས་ལ་རྒྱ་གཞུང་གི་དབང་འཛིན་པ་ཚོས་ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་འཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས་པ་ཡིན་ཟེར་བའི་མི་རིགས་ཡོངས་ལ་དབྱེ་འབྱེད་མེད་པར་དེ་དག་གི་ཚེ་སྲོག་ལ་དོ་ཁུར་དང་འགན་ལེན་སྤྱི་མཉམ་བྱ་དགོས།

༢༽ བཀྲ་ཤིས་རབ་བརྟན་ལགས་ཀྱི་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་གཙོས་ཤུལ་ལུས་ནང་མི་སྤུན་མཆེད་ཡོངས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་མ་ཟད། སྐུ་ཕུང་རྩིས་སྤྲོད་དགོས་པའི་རེ་འདུན་ཞུ་མཁན་ཉེས་མེད་བོད་མི་མང་པོ་ཞིག་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་པ་རྣམས་འཕྲལ་དུ་གློད་བཀྲོལ་གཏོང་དགོས།

༣༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་གཟུ་བོར་གནས་པའི་རྒྱལ་ཁབ་ཁག་གི་སྲིད་གཞུང་གི་མི་སྣ་དང་། གྲོས་ཚོགས་འཐུས་མི། གསར་འགོད་པ་བཅས་བོད་ནང་ཕེབས་ཏེ་དེ་སྔ་འཛམ་གླིང་འདིར་གྲགས་མ་མྱོང་བ་ལྟ་བུའི་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདིའི་གནས་སྟངས་ཡོངས་ལ་རྒྱུན་ལོན་དང་། མེར་སྲེག་གནང་མཁན་རྣམས་ཀྱི་དགོས་འདུན་འགྲུབ་ཆེད་གྲྭ་བཀྲ་བྷེ་ལྟ་བུ་ད་ལྟ་གསོན་གནས་སུ་ཡོད་པ་རྣམས་ལ་ངོ་ཐུག་གིས་ཞིབ་འཇུག་མཐིལ་ཕྱིན་གནང་ཐུབ་པའི་རེ་འདུན་ཞུ་རྒྱུ་བཅས།

self-immolation

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ པའི་ ༡༢ ཉིན།།

Menu