རྒྱལ་གཅེས་དཔའ་བོ་བཀྲ་ཕུན་ལགས་ཀྱིས་བོད་བསྟན་སྲིད་ཆེད་རང་ལུས་མེར་བསྲེགས་བཏང་བ་དང་འབྲེལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།


ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༢༧ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༥ པ་ཡས་མས་སུ་རང་ལོ་ ༨༡ ཡིན་པའི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་བཏང་ནས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱས་པ་དང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ཀྱང་། རྗེས་སུ་སྐུ་གཤེགས་ཡོད་འདུག

འདས་པའི་ལོ་མང་རིང་ཕྱི་ཟླ་ ༣ པ་ནམ་ཡིན་ལ་རྒྱ་གཞུང་གིས་རྔ་པ་མི་མང་ལ་རྒྱུན་ལྡན་ལས་ལྷག་པའི་དམ་དྲག་དང་སུན་གཙེར། འདྲི་གཅོད་དང་བཀག་འགོག་སོགས་ཀྱིས་དཀའ་ངལ་རབས་དང་རིམ་པ་བཟོས་པ་ལྟར་འདི་ལོར་ཡང་ཕྱི་ཟླ་ ༣ པའི་ནང་དམིགས་བསལ་དམ་དྲག་ཆེན་པོ་བྱས་ཡོད་འདུག་ལ། བོད་ནང་ནས་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་བོད་མི་ཆེས་མང་པོ་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་བསྐྱལ་དང་སྐྱེལ་བཞིན་པའི་གནས་བབ་དེ་གསལ་འདོན་བྱས་པ་ཡིན་པའི་འགྲེལ་བརྗོད་ཀྱང་གནང་འདུག།

རྒྱལ་གཅེས་དཔའ་བོ་བཀྲ་ཕུན་ལགས་ནི་རྔ་པའི་འབྲོག་སྡེ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཕུར་རྩ་ཚང་ནས་ཡིན་པ་དང་། དུས་རྟག་ཏུ་བོད་དོན་ལ་སེམས་ཁུར་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་འདུག ཕྱི་ལོ་ ༢༠༢༡ ལོར་ཁོང་གི་བརྒྱད་ཅུའི་གྱ་སྟོན་སྐབས།“༧རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བྱིན་རླབས་ཀྱིས། བོད་ལ་སྐྱིད་པའི་ཉི་མ་ཞིག་འཆར་རྒྱུ་ཡོད་པ་གཏན་འཁེལ་ཡིན་པས། ན་ཆུང་གཞོན་ནུ་ཚོའི་སེམས་ཤུགས་མ་ཆག”ཅེས་གཏམ་བཤད་སྤེལ་བའི་གནས་ཚུལ་འདུག།

ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་བོད་ནང་ནས་བོད་མི་ ༡༥༨ གྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་གནང་ཡོད། འདི་ལྟ་བུའི་ཛ་དྲག་གི་གནས་ཚུལ་ད་དུང་ཡང་རྒྱུན་མ་ཆད་པ་ཐོན་བཞིན་པར་བརྟེན་རྒྱ་གཞུང་གི་དབང་འཛིན་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་སོགས་ལ་ནན་སྐུལ་བྱ་རྒྱུར།

༡།       ད་བར་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་རྒྱུན་མ་ཆད་པར་རང་ལུས་མེར་བསྲེགས་གཏོང་མཁན་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བ་གྲངས་ ༡༥༨ བྱུང་བ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ནང་རང་ལུས་མེར་བསྲེགས་བཏང་སྟེ་ཞི་རྒོལ་གྱི་ལས་འགུལ་ཡུན་རིང་ཤོས་དང་། གྲངས་ཚད་མང་ཤོས་ཤིག་ཆགས་ཡོད་པས་རྒྱ་གཞུང་ནས་གོ་   མེད་ཚོར་མེད་དུ་མ་བསྡད་པར་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་མངོན་འདོད་ལ་བདག་སྤྲོད་ཀྱིས་བོད་དོན་ཐོག་འཛིན་པའི་དྲག་གནོན་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་མཚམས་འཇོག་ངེས་པར་དུ་བྱ་དགོས།

༢།      རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་ནི་ཞི་རྒོལ་ཚད་མཐོ་ཤོས་ཤིག་ཡིན་པར་བརྟེན་ཞི་བདེ་དང་རང་དབང་ལ་དགའ་བའི་རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས། སྡེ་ཚན་ཁག་སོགས་ནས་ཐུགས་ཁུར་ཆེར་བཞེས་ཀྱིས་ཁོང་རྣམས་ཀྱི་རེ་འདུན་ལ་རྒྱབ་སྐྱོར་དང་བོད་དོན་བདེན་མཐའ་གསལ་ཐབས་ལ་བདེན་རྒྱབ་དཔུང་རོགས་སྔར་ལྷག་གནང་སྐྱོང་ཡོང་བ་ཞུ།

༣།      མི་ལོ་ ༧༣ ལྷག་རིང་བོད་ནང་བོད་མི་རྣམས་ཀྱིས་ངོ་རྒོལ་ལས་འགུལ་སྣ་ཚོགས་སྤེལ་བ་དང་། ལྷག་པར་དུ་རང་ལུས་མེར་བསྲེགས་གཙོས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱུན་མ་ཆད་པར་གནང་བཞིན་པ་རྣམས་ལ་རྒྱ་ནག་དབུས་སའི་དཔོན་རིགས་ཁག་གིས་དཔྱད་ཞིབ་མཐིལ་ཕྱིན་བྱས་ཏེ། དོན་ཕན་ལྡན་པའི་བོད་རྒྱ་གཉིས་སྨན་ཡོང་ཕྱིར་འབྲེལ་མོལ་གྱི་ལས་དོན་འཕྲལ་དུ་འགོ་འཛུགས་དགོས་པ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༤ ལ།།