རྒྱལ་གཅེས་དཔའ་བོ་དམ་དཀར་རམ། གནས་སྐྱབས་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་ མེར་བསྲེགས་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

138༄༅། །ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་གྱི་ཞོགས་པ་སྔ་མོ་མདོ་སྨད་རྔ་པ་རྫོང་ཀིརྟི་དགོན་གྱི་ཉེ་འགྲམ་མཐའ་བ་གོང་མ་ནས་དམ་དཀར་རམ། གནས་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་གྲོངས་ཡོད་འདུག

དེ་ཡང་འདི་གར་འབྲེལ་ཡོད་ནས་གནས་ཚུལ་བཏང་གསལ་ལྟར་ན། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༦ ཉིན་གྱི་ཞོགས་པ་སྔ་མོ་བོད་མདོ་སྨད་རྔ་པ་རྫོང་ཨ་འདུས་རྒྱ་དས་སྡེ་བ་ནས་ཡིན་པའི་དམ་དཀར་རམ། གནས་སྐྱབས་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་མི་འདོད་པའི་ཞི་རྒོལ་ཆེད་རང་ཁྱིམ་གྱི་ར་སྐོར་དུ་རང་ལུས་མེར་བསྲེགས་གནང་རྗེས་སྐུ་གྲོངས་ཡོད་འདུག ཁོང་གིས་སྐུ་ལུས་མེར་བསྲེགས་མ་གནང་བའི་སྔོན་ལ་རང་ཉིད་སྡོད་སའི་ར་སྐོར་ནང་དུ་༸གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་དང་། ཁོ་རང་གི་ནང་མིའི་འདྲ་པར་སོགས་སྒྲིག་བཤམ་གྱིས་མདུན་དུ་ཡོན་ཆབ་ཕུལ་བ་དང་། མེ་ཏོག་སྒྲིག་པ་སོགས་བྱས་ཤིང་། དེའི་འོག་གི་གོམ་པ་ལྔ་ཙམ་གྱི་སར་སྐུ་ལུས་མེར་བསྲེགས་བཏང་ཡོད་འདུག ཁོང་གིས་རང་ལུས་མེར་བསྲེགས་གནང་རྗེས་རྒྱ་གཞུང་གི་ས་གནས་འབྲེལ་ཡོད་ཚན་པས་ཤེས་རྟོགས་བྱུང་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག་པ་དང་། ཁོང་གི་སྤུན་གནས་གང་དང་། མག་པ་ཚེ་རིང་བསམ་འགྲུབ་གཉིས་འདྲི་གཅོད་བྱེད་པར་ཁྲིད་ཡོད་འདུག

དམ་དཀར་རམ། གནས་སྐྱབས་ནི་ད་ལོ་དགུང་ལོ་ ༤༥ ཙམ་ཡིན་པ་དང་། ཁོང་གི་ཕ་མིང་ལ་གནས་མོ་དང་། མ་མིང་ལ་དཀར་སྒྲེས་མ་ཞུ་བ་དང་ཕ་མ་གཉིས་སྔོན་མ་ནས་འདས་གྲོངས་ཕྱིན་ཟིན་ཡོད་འདུག ཁོང་ལ་མིང་སྲིང་ལྔ་ཡོད་པ་ལས་གསུམ་པ་དེ་ཡིན་འདུག་པ་དང་། སྤུན་ཆེ་བ་གནས་ཚེ་དང་། འབྲིང་བ་གནས་གང་། ཆུང་བ་འབྲུག་པེ། ནུ་མོ་བདེ་མོ་སྐྱིད་བཅས་ཡིན་ལ། སྤུན་ཆེ་བ་གནས་ཚེ་དང་ཆུང་བ་འབྲུག་པེ་གཉིས་རྐྱེན་འདས་སུ་གྱུར་ཟིན་ཡོད་འདུག

ཁོང་ནི་དེ་སྔོན་ཨ་འདུས་ཡག་མགོ་དགོན་པར་གྲྭ་པ་བྱེད་མྱོང་ཡོད་ཅིང་། དེང་སྐབས་མཐའ་བ་གོང་མའི་ནང་དུ་འབྲོག་སྡེ་སོ་རུ་མའི་བུ་མོ་ཞིག་དང་ལྷན་དུ་གཉེན་སྒྲིག་བྱས་ཏེ་བུ་ཕྲུག་བདུན་ཡོད་འདུག ཕྲུ་གུ་ཀུན་བཟང་རང་ལོ་ ༢༡ དང་། ཚེ་པེ་རང་ལོ་ ༢༠། ཟླ་བོ་རང་ལོ་ ༡༥། འཛམ་དཀར་རང་ལོ་ ༡༤། སྙིང་པོ་རང་ལོ་ ༡༢། བསོད་ནམས་ལྷ་མོ་རང་ལོ་༩། བློ་བཟང་ནོར་བུ་རང་ལོ་ ༧ བཅས་ཡིན་འདུག དེ་སྔོན་འཛམ་གླིང་ཞི་བདེ་དང་། ༸གོང་ས་མཆོག་གི་ཞབས་བརྟན་ཆེད་སྤྱིར་མི་སུ་ཡིན་ཐམས་ཅད་དང་། ཡང་སྒོས་བོད་མི་ཡོད་དོ་ཅོག་ལ་འཁྲུག་རྩོད་སོགས་མི་བྱེད་པའི་དམ་བཅའ་བཞག་ཅིང་། རྔ་པའི་དགོན་ཁག་ཞེ་གཉིས་ཐུན་མོང་གིས་གནང་བཞིན་པའི་ཞི་བདེའི་དཔུང་རྟགས་ཀྱང་ཐོབ་ཡོད་འདུག ཁོང་གི་དྲ་མིང་ལ་ཁ་བ་དོན་འགྲུབ་ཟེར་བ་དང་། རྒྱུན་དུ་དྲ་ཚོམ་དང་མི་སྒེར་སུ་ཡིན་ལ་མཐུན་སྒྲིལ་སྐོར་ནས་གླེང་མོལ་མང་པོ་གནང་མཁན་ཞིག་ཀྱང་ཡིན་འདུག

དེ་རིང་ཕྱི་ཚེས་ ༡༧ ཉིན་རྔ་པ་རྫོང་མཁར་གྱི་བོད་པའི་ཚོང་ཁང་དང་ཟ་ཁང་ཁག་སྒོ་བརྒྱབ་ནས་རྔ་པ་མི་མང་གིས་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་དང་། ཤུལ་ལུས་ནང་མི་རྣམས་ལ་སེམས་གསོའི་ཞལ་འདེབས་འབུལ་བ་དང་། དགོན་པ་ཁག་ལ་ཕྱག་སྐོར་དང་བསྔོ་རྟེན་འབུལ་བ་སོགས་སྐྱིད་སྡུག་མཉམ་མྱོང་གནང་བཞིན་ཡོད་འདུག

ད་ལན་རྒྱལ་གཅེས་དཔའ་བོ་དམ་དཀར་རམ། གནས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་འདི་ནི། ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་བཟུང་བོད་ཆོལ་ཁ་གསུམ་གྱི་ཁྱོན་ནས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ད་བར་ཤེས་རྟོགས་ར་སྤྲོད་གསལ་པོ་བྱུང་བའི་བོད་མི་ ༡༣༨ པ་དང་། དེའི་ཁྲོད་འདས་གྲོངས་སུ་ཕྱིན་པ་ ༡༡༩ པ། རྔ་པ་རྫོང་ཁོངས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༣༨ པ་དང་། ཕྱི་ལོ་ ༢༠༡༥ ལོར་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་མཁན་ ༣ པ་དེ་ཆགས་ཀྱི་ཡོད་པ་རེད།

གཞན་ཡང་འདི་ནས་གནས་ཚུལ་ཁ་གསལ་ཤེས་རྟོགས་བྱུང་བ་ལྟར་ན་ཉེ་ཆར་ཕྱི་ཟླ་ ༤ ཚེས་ ༨ ཉིན་དཀར་མཛེས་དུ་རང་ལུས་མེར་བསྲེགས་གནང་མཁན་ཏྲེ་ཧོར་བྲག་མགོ་ངང་སྒང་བཙུན་དགོན་གྱི་བཙུན་མ་ཡེ་ཤེས་མཁའ་འགྲོ་ལགས་ཀྱང་སྐབས་དེར་འདས་གྲོངས་ཕྱིན་ཟིན་ཡོད་འདུག་ཀྱང་སྐུ་ཕུང་ད་དུང་ཡང་ནང་མིར་རྩིས་སྤྲོད་བྱས་མེད་པའི་གནས་ཚུལ་ཐོན་འདུག

བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་ཚུལ་རིམ་པར་བྱུང་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གསར་འགོད་བསྒྲགས་གཏམ་རྒྱུན་མ་ཆད་པ་སྤེལ་ཏེ་རྒྱ་གཞུང་ལ་དམིགས་བསལ་དགོས་འདུན་རིམ་པ་བཞིན་བཏོན་ཡོད་པ་རྣམས་ལག་བསྟར་བྱ་རྒྱུ་ལྟ་ཞོག རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དགོས་འདུན། རྒྱུ་རྐྱེན་ཇི་ཡིན་བཅས་ལ་བདག་སྤྲོད་ཙམ་ཡང་མེད་པར་རང་ལུས་མེར་བསྲེགས་ཀྱི་གནད་དོན་འདི་བོད་ཕྱི་ཕྱོགས་ཀྱི་ཁ་བྲལ་བ་རྣམས་ཀྱིས་བརྒྱུད་སྐུལ་བྱས་ཚུལ་སོགས་སུ་བསྙད་པ་དང་། བོད་ཐོག་འཛིན་པའི་ནོར་འཁྲུལ་དང་གདུག་རྩུབ་ཅན་གྱི་སྲིད་བྱུས་ལའང་འགྱུར་བ་སྤུ་ཙམ་བཏང་མེད་པ་མ་ཟད། འདི་ཟླའི་ཕྱི་ཚེས་ ༡༥ ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་ནས་“བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག”ཟེར་བའི་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་པ་དེའི་ནང་དེ་སྔོན་བཏོན་ཟིན་པའི་རྒྱབ་ཤ་དཀར་པོ་ཟེར་བ་ཁག་ཏུ་བཀོད་པ་མང་པོ་ཞིག་བསྐྱར་ཟློས་བྱས་པ་མ་ཟད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ་དང་། ཞི་བའི་བཅིངས་འགྲོལ། དམངས་གཙོ་བཅོས་བསྒྱུར། བོད་རང་སྐྱོང་ལྗོངས་དབུ་བརྙེས་པ། སྒྱུར་བཅོས་སྒོ་དབྱེ་སོགས་འཕེལ་རྒྱས་ཀྱི་དུས་མཚམས་གལ་ཆེན་བརྒྱུད་སྟབས་བོད་དུ་སྤྱི་ཚོགས་ཀྱི་ལམ་ལུགས་གསར་རྐྱང་བཙུགས་པ་མ་ཟད་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་རྒྱུས་རང་བཞིན་གྱི་མཆོངས་བསྐྱོད་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་ཡོད་སྐོར་གྱི་གཡོ་བྱུས་གསལ་སྟོན་བྱས་པ་དང་། དམིགས་བསལ་ཆབ་སྲིད་དང་འབྲེལ་བའི་ཐོག་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་ལ་ལོག་འགྲེལ་དང་། བོད་རྒྱ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་འཁྱོག་བཤད་སོགས་བྱས་པ་ཙམ་ལས་བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ལ་བདག་སྐྱོང་མེད་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་རྣམས་ཞི་འཇམ་ཡོང་ཐབས་ཀྱི་བསམ་འདུན་རྩ་བ་ནས་མེད་པར་རྒྱལ་སྤྱི་དང་རྒྱ་ནག་གི་མི་མང་རྣམས་མགོ་སྐོར་གཏོང་ཐབས་ཀྱི་གཡོ་འཕྲུལ་ཞིག་ཏུ་ངོས་འཛིན་བྱ་རྒྱུ་ལས་མ་འདས། རང་སྐྱོན་ཉེས་འགེབས་ཀྱི་གཡོ་འཕྲུལ་དང་རྫུན་གར་ཇི་ཙམ་འཁྲབ་ཀྱང་བདེན་དོན་དང་ཐག་ཇེ་རིང་དུ་འགྲོ་རྒྱུ་ལས་མེད་པས་རྒྱ་ནག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱི་བོད་དོན་དཀའ་རྙོག་སེལ་འདོད་ཡོད་པ་དང་། བོད་ཁུལ་ཞི་བདེ་བརྟན་ལྷིང་། བོད་རྒྱ་ཆེའི་མང་ཚོགས་རྣམས་བློ་བདེ་བག་ཕེབས་ཀྱི་ངང་དུ་འཚོ་བ་སྐྱེལ་དུ་འཇུག་རེ་ཡོད་ཚེ་ཐོག་མར་སྐབས་སུ་བབ་པ་རང་ལུས་མེར་བསྲེགས་གཏོང་གནང་མཁན་རྣམས་ཀྱིས་གཙོས་བོད་མི་ཞི་རྒོལ་བ་ཡོངས་དང་། བོད་རྒྱ་ཆེའི་མང་ཚོགས་བཅས་ཀྱི་མངོན་འདོད་ལ་བདག་སྐྱོང་བྱས་ཏེ་བོད་ཐོག་འཛིན་པའི་དྲག་གནོན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དང་། བློ་གཟུ་བོར་གནས་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་དང་གསར་འགོད་པ་སོགས་བོད་དུ་རྟོག་ཞིབ་ཆེད་ཡོང་དུ་འཇུག་དགོས་པའི་ནན་སྐུལ་བྱེད་རྒྱུ་ཡིན།

གཞན་ཡང་ད་སྐབས་བློ་འཚབ་སྐྱེ་གཞི་རུ་གྱུར་པ་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྗོང་ཐང་སྐོར་ཡུལ་ཚོའི་འབྲོག་སྡེ་རྣམས་ཀྱི་ས་ཁང་ལོ་ཤས་སྔོན་ནས་བཙན་འཕྲོག་བྱས་པ་ཕྱིར་སློག་དགོས་སྐོར་གྱི་ཞུ་འབོད་ལ་བདག་སྤྲོད་ཡ་ལན་མེད་པར་ས་གནས་དཔོན་རིགས་ཁག་གིས་སྡིགས་ར་བསྐུལ་བ་དང་། བོད་མི་རྣམས་ཉེན་ཁའི་རང་བཞིན་དུ་ལྷུང་བ། རྩོམ་པ་པོ་ཞོགས་ལྗང་ལགས་ཕྱི་ཟླ་ ༣ པའི་ནང་འཛིན་བཟུང་གིས་གར་ཁྲིད་ཁ་གསལ་མེད་པར་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་གཙོས་བོད་ཕྱི་ནང་གི་གཞུང་སྒེར་མང་པོས་རེ་འབོད་ཇི་ཞུས་བཅས་ལའང་བདག་སྤྲོད་དང་འབྲེལ་རྒྱུན་དུ་བོད་མི་གང་བྱུང་འཛིན་བཟུང་བྱས་དང་བྱེད་བཞིན་པ་རྣམས་ལ་ཉེས་མེད་མནར་གཅོད་རྡུང་རྡེག་སོགས་ནམ་ཡང་མེད་པར་བོད་མི་དེ་དག་གི་བདེ་འཇགས་ལ་འགན་ཁུར་ངེས་པར་དགོས་པའི་དྲན་སྐུལ་བྱེད་རྒྱུ་བཅས།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༡༧ ལ།།