རྒྱལ་གཅེས་དཔའ་བོ་དཔའ་མོ་བཞིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་གསུམ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

༡༽  ཕྱི་ལོ ༢༠༡༢ ཟླ་༡༡ ཚེས་ ༢༥ ཉིན།  བོད་ནང་གི་དགོང་དྲོ་ཆུ་ཚོད་ ༡༠ ཡས་མས་སུ། མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་བར་སྐོར་སྡེ་བའི་རང་ལོ་༡༧ ཡིན་པའི་རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ཀྱིས། རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་ཆེད།   བར་སྐོར་སྡེ་བའི་ལ་ནག་སྐེད་དུ་རང་ལུས་མེར་བསྲེགས་བཏང་སྟེ་” ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན” ཞེས་སྐད་འབོད་གནང་སྟེ།     མེ་ལྕེ་འབར་ཤུགས་ཆེ་བས་ཐང་ལ་ཀན་རྐྱལ་དུ་འགྱེལ་ཡོད་ཀྱང་ལག་པ་གཉིས་ཐལ་མོ་སྦྱར་ཏེ།   སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་།   ཚེས  ༢༦ ཉིན་གྱི་ཞོགས་པར་ས་གནས་སྐྱ་སེར་མི་མང་འདུ་འཛོམས་ཐོག   རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་གདན་འདྲེན་གྱིས་ཞུགས་འབུལ་གནང་ཡོད་འདུག

རྒྱལ་གཅེས་དཔའ་མོ་བཙུན་མ་སངས་རྒྱས་སྒྲོལ་མ་ལགས་ནི།   ཕ་བསོད་ནམས་རྒྱལ་ལོ ༤༠ དང་།  མ་དོན་འགྲུབ་འཚོ་ལོ ༤༣  གཉིས་ཀྱི་བུ་མོ་ཡིན་པ་དང་། སྤུན་ཆེ་བ་ལྷ་མོ་འཚོ ༢༢ དང་།  དེའི་ཆུང་བ་བཙུན་མ་ཞིག་ཡོད་པའི་མིང་ལ་རིག་བྱེད་དབང་མོ ༢༠ དང་། སྤུན་ཆུང་བའི་མིང་ལ་འཇམ་དབྱངས་བློ་ལྡན༡༥ དང།  ཆུང་བ་དབང་ཕྱུག་ཚེ་རིང་༡༤ ཡིན་འདུག  བཙུན་མ་ཁོང་ནི།  གསང་སྔགས་སྨིན་གྲོལ་དར་རྒྱས་གླིང་དགོན་པའི་ཉེ་འཁྲིས་སུ་བཙུན་མའི་དགོན་པ་ཞིག་ཡོད་པ་དེའི་བཙུན་མ་ཡིན་པ་རེད།   རྒྱལ་གཅེས་དཔའ་མོ་ཁོང་གིཤུལ་བཞག་ཞལ་ཆེམས་ནང་།

ཕྱིར་ཕེབས་སོང་། བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་དགོང་སྔོན་གནམ་ལ་ལྟོས། །བྲག་དཀར་ཐེམ་པའི་གུར་ཁང་དུ།  ང་ཡི་བླ་མ་ཕྱིར་ཕེབས་སོང་།  །བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་རྩེ་ལ་ལྟོས།  གངས་སེང་དཀར་མོ་ཕྱིར་ཕེབས་སོང་།  །ང་ཡི་གངས་སེང་ཕྱིར་ཕེབས་སོང་། །བོད་པ་ཚོ་ཡར་ལ་ལྟོས།  །ཡར་གྱི་རྒྱ་རྫོང་ནགས་ལ་ལྟོས།  །ཐང་དང་གཡུ་ལོའི་མཛེས་སྡུག་ལྟོས། །ང་ཡི་རྒྱ་སྟག་ཕྱིར་ཕེབས་སོང་།  བོད་པ་ཚོ་ཡར་ལ་ལྟོས། །ཡར་གྱི་གངས་རིའི་ལྗོངས་ལ་ལྟོས། །གངས་ཅན་སྐལ་བ་ཡར་འགྲོ་རེད།  །བོད་པ་རང་དབང་རང་བཙན་རེད། །རྒྱལ་བ་བསྟན་འཛིན་རྒྱ་མཚོ། །རྒྱང་རིང་ཡུལ་ན་ཡོད་དུས། །རྒྱལ་ཁམས་བསྐོར་ནས་ཕེབས་དུས།  །སྡུག་བསྔལ་འོག་གི་གདོང་དམར་བོད་པ།།   མུན་ནག་ཁྲོད་ནས་སེལ་བའི་སྨོན་ལམ།  །པཎ་ཆེན་བླ་མ་བཙོན་དུ་ཡོད་དུས། །བཙོན་ཁང་ནང་དུ་ཕྱི་ལ་ལྟོས་ནས།།ང་ཡི་ཁ་བ་གངས་རིའི་ལྗོངས་ལ། །བདེ་སྐྱིད་ཉི་མ་ཤར་བར་སྨོན། །ཁ་བ་གངས་རིའི་བདེ་སྡུག་གི་ཆེད་དུ།  ཞེས་བྲིས་ཡོད་འདུག་པ་དང་། འདྲ་པར་ཞིག་གི་སྟེང་དུ།  གངས་དཀར་པོའི་གཅེས་ཕྲུག་གངས་ཅན་བུ་དང་བུ་མོ།  གངས་རིའི་བུ་རྒོད་རྣམ་པ་བོད་པ་ཡིན་པ་མ་བརྗེད།

སངས་རྒྱས་སྒྲོལ་མ་ནས་ཞེས་བྲིས་འདུག  ཡིག་སྐོགས་ཀྱི་སྟེང་ལ་བོད་རང་བཙན་རྒྱལ་ཁབ། ཞེས་སོགས་བྲིས་ཡོད་འདུག


༢༽     ཕྱི་ལོ་ ༢༠༡༢   ཟླ་ ༡༡  ཚེས་ ༢༦ ཉིན།   བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་སུ།   ཁམས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་ཐོག་ཏུ་ཡོད་པའི་གསེར་རྟའི་མདུན་ཐང་དུ། རང་ལོ་༢༠ནང་ཡོད་པའི་རྒྱལ་གཅེས་དཔའ་བོ་དབང་རྒྱལ་ལགས་ཀྱིས།    རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་གདུག་རྩུབ་སྲིད་བྱུས་ལ་ངོ་རྒོལ་བྱས་མ་ཐག      ས་གནས་རྒྱ་ནག་གཞུང་གི་ཉེན་རྟོག་པས་བཙན་ཁྱེར་བྱས་ཡོད་པ་དང་འདས་གསོན་གྱི་གནས་ཚུལ་གསལ་ཁ་མི་འདུག   ས་གནས་སུ་རྒྱ་ཆེའི་མང་ཚོགས་མང་པོ་འཛོམས་ཡོད་པ་དང་། རྒྱ་གཞུང་གིས་དམ་དྲག་བྱས་ཏེ། དྲ་ལམ་དང་གནས་ཚུལ་བརྒྱུད་ལམ་ཁག་ཡོངས་རྫོགས་བཀག་སྡོམ་བྱས་པས་གནས་ཚུལ་ཆ་ཚང་རག་རྒྱུར་དཀའ་ངལ་འཕྲད་ཀྱི་ཡོད་པ་རེད་འདུག

རྒྱལ་གཅེས་དཔའ་བོ་དབང་རྒྱལ་ལགས་ནི།   གསེར་རྟ་རྫོང་སྟག་རྩེད་ཡུལ་ཚོའི་ཁ་ཤུལ་ཚོ་བ་ནས་ཡིན་པ་དང་།   དེ་སྔོན་གྲྭ་པ་བྱས་ཤིང་།   སྤུན་གཉིས་ཡོད་པའི་ཆེ་བའི་མིང་ལ་ཚེ་སྒྲུབ་ཟེར་གྱི་ཡོད་འདུག།


༣༽     ཕྱི་ལོ་ ༢༠༡༢  ཟླ་ ༡༡  ཚེས་ ༢༦ཉིན།  ཕྱི་དྲོར་མདོ་སྨད་བླ་བྲང་ཨ་མཆོག་ཡུལ་ཚོའི་བན་ཀན་སྡེ་བའི་རང་ལོ་ ༡༨ ཡིན་པའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱིས། ཨ་མཆོག་རྒྱ་གར་ཐང་གི་གཏེར་ཁ་སྔོག་སའི་སྒོ་འགྲམ་ཏུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་སྐུ་ གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ནི།  ཕ་ཚེ་འཕགས་སྐྱབས་ལོ་ ༤༠ དང་། མ་མགོན་པོ་འཚོ་ལོ་ ༣༧ ཡིན་པ་གཉིས་ཀྱི་བུ་ཡིན་པ་དང་།  ཁོང་གི་ཕུ་བོའི་མིང་ལ་དཔལ་འབྱོར་རྒྱ་མཚོ་ཟེར་ཞིང་ད་ལྟ་གྲྭ་བ་ཡིན་པ་དང་།  རྒྱལ་གཅེས་དཔའ་བོ་ཁོང་གི་ཆུང་མའི་མིང་ལ་སངས་རྒྱས་མཚོ་ཟེར་ཞིང་ལོ་ ༡༩ ཡིན་འདུག  ཨ་མཆོག་དགོན་པའི་གྲྭ་བ་མང་པོ་རྒྱལ་གཅེས་པ་ཁོང་གི་ཁྱིམ་དུ་སྨོན་ལམ་གསུང་གི་ཕེབས་ཡོད་པ་དང་། ས་གནས་མི་མང་ཡང་མང་པོ་འབྱོར་བཞིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱི་སྐུ་ཕུང་།རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས་ཀྱི་སྐུ་ཕུང་།རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་རིང་ལགས།


༤༽    ཕྱི་ལོ་ ༢༠༡༢ ཟླ་ ༡༡  ཚེས་༢༦ ཉིན།  མདོ་སྨད་ཀན་ལྷོ་ཀླུ་ཆུའི་རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ཀྱིས་ཀླུ་ཆུ་རྫོང་ཁོངས་ཨ་ལ་དེའུ་མགོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་མདུན་ནས་”བོད་ལ་རང་དབང་དགོས་པ་དང་། འགྲོ་བ་མིའི་ཐོབ་ཐང་དགོས། ༸རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས་”སོགས་ཀྱི་བོད་དོན་སྐད་འབོད་དང་མཉམ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ས་གནས་རང་ལ་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་རེད།  དེ་མ་ཐག་ས་གནས་བོད་མི་མང་པོས་ཁོང་གི་སྐུ་ཕུང་ཐད་ཀར་དགོན་པར་གདན་འདྲེན་བྱས་རྗེས་ས་གནས་ཀྱི་ཨ་ལ་དང་། སྒྱིས་ཚང་། ཟམ་ཚ་བཅས་ནས་བོད་མི་མང་པོ་འདུ་འཛོམས་ཀྱིས་མཆོད་འབུལ་བསྔོ་སྨོན་གྱིས་གདུང་སེམས་མཉམ་སྐྱེད་བྱས་ཡོད་པ་དང་།  ཅང་མ་འགོར་བར་ས་གནས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པ་དང་། དམག་མི་མང་པོ་འབྱོར་ནས་དམ་དྲག་དང་མཉམ་གནས་ཚུལ་རྩད་ཞིབ་བྱས་ཡོད་པ་རེད་འདུག

རྒྱལ་གཅེས་དཔའ་བོ་མགོན་པོ་ཚེ་རིང་ལགས་ནི།   ཀན་ལྷོ་ཀླུ་ཆུའི་ཨ་ལ་སྦོག་ཚ་སྡེ་པའི་ཕ་དབང་རྒྱལ་ལོ་༤༣ དང་། མ་རྣམ་ལོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ད་ལོ་ལོ་༢༤ ཡིན་འདུག  ཁོའི་བཟའ་ཟླའི་མིང་ལ་རྣམ་རྒྱལ་སྒྲོལ་མ་ཟེར་ཞིང་། ལོ་ ༢༦ ཡིན་འདུག  ཁོ་གཉིས་ལ་ལོ ༦ ཅན་གྱི་བུ་ཆུང་ཚེ་རིང་བསམ་གྲུབ་དང་། ལོ ༣ ཅན་གྱི་བུ་མོ་ཚེ་རིང་སྒྲོལ་མ། ལོ ༢ ཅན་གྱི་བུ་མོ་ཚེ་རིང་ལྷ་མོ་བཅས་བྱིས་པ་གསུམ་ཡོད་འདུག

དེ་ལྟར་ན།   ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༢༦ བར་བོད་ནང་དུ་རང་ལུས་མར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ ༨༥ བྱུང་ཞིང་དེའི་ནང་ནས་ ༧༠ འདས་གྲོངས་སུ་གྱུར་ཡོད།  ཕྱི་ཟླ་ ༡༡་ནང་གཅིག་པུར་བོད་མི་རྒྱལ་གཅེས་དཔའ་བོ་དཔའ་མོ་ ༢༣ གྱིས་རྒྱ་གཞུང་གི་ནོར་འཁྲུལ་སྲིད་བྱུས་ལ་ངོ་རྒོལ་བྱས་ཡོད།

རྒྱ་ནག་གཞུང་གིས་རང་ལུས་མེར་བསྲེགས་ཀྱི་རྒྱབ་ལྗོངས་ལ་དངོས་ཐོག་བདེན་འཚོལ་གྱིས་ཞིབ་འཇུག་བྱས་ཏེ།  བོད་ནང་གི་དངོས་ཡོད་ཀྱི་དཀའ་ངལ་སེལ་རྒྱུའི་ཚབ་ཏུ།  ད་དུང་དེ་ལས་ལྡོག་སྟེ་དམངས་སེམས་ལ་གནོད་གཞིའི་སྲིད་བྱུས་སྣ་མང་ལག་བསྟར་བྱས་དང་བྱེད་བཞིན་པ་དེས་བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་པས།   དེའི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་བསྐྱར་ནན་གྱིས་བརྗོད་རྒྱུ་ཡིན།   ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་བསམ་ཞིབ་ཡོང་བའི་འབོད་སྐུལ་ནན་གྱིས་ ཞུ་རྒྱུ་དང། སླར་ཡང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

  • ༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།
  • ༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་༢༠༡༢ ཟླ ༡༡ ཚེས་ ༢༧ ལ།།