རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གནང་བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡུལ་འབོ་ར་དགོན།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་ཡུལ་འབོ་ར་དགོན།

དེ་ཡང་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་བར་གཞིགས་ན། ཕྱི་ལོ་ ༢༠༡༣ ཟླ ༡ ཚེས་ ༢༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ སྟེང་། བོད་ཨ་མདོ་བསང་ཆུ་རྫོང་འབོ་ར་སྦོག་ཚ་རྒྱ་ར་སྡེ་བའི་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་སམ་དཀོན་བྷེ་ལགས་ཀྱིས་འབོ་ར་དགོན་པའི་སྟོན་ཆོས་ཉེ་འདབ་ནས་རང་ལུས་མེར་བསྲེགས་གནང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གྱིས་ཚེ་འདས་སུ་གྱུར་པའི་ཛ་དྲག་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།

རྒྱལ་གཅེས་དཔའ་བོ་ཁོང་མེར་བསྲེགས་བཏང་སྐབས་འབོ་ར་དགོན་པའི་གྲྭ་མང་ལོ་རེའི་འཆར་ཅན་བསྙེན་མཚམས་གཏོང་བའི་དུས་ལ་འཁེལ་ཡོད་པ་དང། གྲྭ་བ་གཞན་རྣམས་ཚོགས་མ་གྲོལ་བའི་བར་འཁེལ་ཡོད་སྟབས། སྐུ་ཕུང་རྒྱ་གཞུང་གི་ལག་ཏུ་ཤོར་ཡོད་འདུག་ཅིང། གནས་ཚུལ་མཁོ་འདོན་པས་བརྗོད་དོན་ལ་གཞིགས་ན། ད་ལྟ་དམག་མི་འབོར་ཆེན་དང།  བསང་ཆུ་རྫོང་གི་ཉེན་རྟོགས་པ་དང་དམིགས་བསལ་ཉེན་རྟོགས་རུ་ཁག་སོགས་གཅིག་རྗེས་གཉིས་མཐུད་འབོ་ར་ས་ཁུལ་དུ་དུ་འབྱོར་བཞིན་ཡོད་འདུག་པ་དང།  དཔའ་བོ་ཁོང་ཕལ་ཆེར་སྐུ་གྲོངས་ཡོད་པར་ཚོད་དཔག་བྱེད་ཀྱི་འདུག

དེ་ཡང་རྒྱལ་གཅེས་དཔའ་བོ་ཁོང་གི་ཕ་ཡུལ་གཅིག་པ་ཡིན་པ་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་མཁོ་འདོན་བྱས་དོན། རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་ཁོང་རང་ལོ་ ༢༦ ཡིན་ཞིང་། ཁོང་གི་ཕའི་མིང་ལ་རྡོ་རྗེ་ཚེ་བརྟན་ཞུ་བ་ཚེ་ལས་འདས་ཟིན་པ་དང། མ་མིང་ལ་རིན་ཆེན་མཚོ། ཕུ་བོའི་མིང་ལ་འཕགས་པ་ཚེ་རིང་། ཨ་ཅེའི་མིང་ལ་སྙིང་མོ་སྐྱིད་ཟེར་ཞིང། ཁོང་ནི་སྡེ་བ་གཅིག་པ་ཡིན་པའི་རྣམ་རྒྱལ་ཚེ་རིང་ཚང་གི་མག་པ་ཡིན་པ་དང། ཆུང་མའི་མིང་ལ་མཁར་མོ་ཐར་དང། བཟའ་འཚོ་གཉིས་ལ་ལོ་གཅིག་ཟིན་མ་ཐག་པའི་བུ་ཆུང་ཞིག་ཀྱང་ཡོད་པ་མ་ཟད། ཆུང་མའི་ཨ་མའི་མིང་ལ་ལྕགས་མོ་ཕྱུག ཆུང་མའི་སྲིང་མོའི་མིང་ལ་རྡོ་རྗེ་འཚོ། ད་དུང་ཁྱིམ་ཚང་དེར་ཆུང་མའི་སྤོ་བོ་རྡོ་རྗེ་སྐྱབས་དང་རྨོ་མོ་རྡོར་ཏེ་གཉིས་འཚོ་བཞུགས་ཡོད་པ་བཅས་ཁྱིམ་ཚང་མགོ་ལུས་ཚང་བ་ཞིག་ཡིན་འདུག་པ་དང་།  རྒྱལ་གཅེས་དཔའ་བོ་ཁོང་ནམ་རྒྱུན་སྨྲ་བ་ཉུང་ཞིང་ཉམ་ཆུང་གཤིས་འཇམ་ཞིག་ཡིན་པའི་ཁར་ཁྱིམ་ལས་ལ་བརྩོན་པའི་མི་ཡ་རབས་ཤིག་ཡིན་པ་སྡེ་མི་ཀུན་ཀྱིས་གླེང་གི་ཡོད་ཟེར།

་དཀོན་མཆོག་སྐྱབས་ལགས་ཀྱི་བཟའ་ཟླ་དང་བུ་ཕྲུག་དཀོན་མཆོག་སྐྱབས་ལགས་ཀྱི་བཟའ་ཟླ་དང་བུ་ཕྲུག

བསོད་ནམས་ལགས་ཀྱིས་ད་དུང་གནས་ཚུལ་མཁོ་འདོན་བྱས་དོན། དེ་རིང་རྒྱལ་གཅེས་དཔའ་བོ་ཁོང་གི་སྡེ་མི་ཡོངས་དང་། གཞན་ཁྱིམ་མཚེས་མདའ་འདུ་སྡེ་བ་དང་། སྡེ་བ་ཆེ་བོ་གསུམ་གྱི་མི་མང་རྣམས་ཡུལ་ཚོའི་སྲིད་གཞུང་གི་སྒོར་སོང་ནས་གནས་ཚུལ་འདྲི་བརྩད་བྱས་སྐབས། དཔའ་བོ་ཁོང་གི་རུས་ཐལ་(དཀར་རྩི་)བླ་བྲང་དུ་ཁྱེར་སོང་བས་མི་ཚད། འདས་པོའི་ཁྱིམ་དུ་མཆོད་འབུལ་བསྔོ་སྨོན་ཆེད་དགེ་འདུན་པ་གཅིག་ཀྱང་འགྲོ་མི་ཆོག་པའི་བཙན་བཀའ་བཏང་འདུག་ཀྱང་། སྡེ་བ་གསུམ་གྱི་རྒན་གཞོན་ཚང་མ་འདུ་འཛོམས་ཐོག གལ་ཏེ་དགེ་འདུན་པ་གཅིག་ཀྱང་གདན་འདྲེན་བྱེད་མི་ཆོག་ན། ཕོ་མོ་རྒན་དར་གཞོན་གསུམ་ཡོངས་སྲིད་གཞུང་གི་སྒོར་སོང་ནས་མ་ཎི་བསྐོར་བཞིན་མ་ཎི་དབྱངས་འགུག་གིས་འདས་མཆོད་སྒྲུབ་རྒྱུ་བཅས་གཅིག་མཐུན་གྲོས་འཆམ་བྱུང་འདུག་ལ། དེ་དོན་ཐེ་བོ་སྡེ་བ་དང་ལྕགས་ལམ་སྡེ་བ་སོགས་འབོ་རའི་སྡེ་བ་ཀུན་གྱིས་རྒྱབ་སྐྱོར་གནང་མུས་ཡིན་འདུག་པའི་ཛ་དྲག་གནས་ཚུལ་ཆགས་ཡོད་འདུག

དེ་ལྟར་ན་ཕྱི་ལོ་༢༠༠༩ ལོ་ནས་ཕྱི་ལོ་༢༠༡༣  ཟླ ༡ ཚེས ༢༢  བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་ ༩༩ བྱུང་ཡོད་པ་དང་སྐུ་གཤེགས་པ་མི་གྲངས་ ༨༣  ཆགས་ཡོད་པ་རེད། བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་བྱུང་རིམ་བཞིན།  རྒྱ་གཞུང་གིས། རང་ལུས་མེར་སྲེག་བྱ་དགོས་པའི་རྒྱུ་རྐྱེན་དང་རྒྱབ་ལྗོངས་འཚོལ་ཞིབ་ཀྱིས་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་མ་བཙལ་བར། དེ་ལས་ལྡོག་སྟེ་རང་ལུས་མེར་སྲེག་གནང་མཁན་བོད་མི་ཚོ་རིག་འཚོ་མ་ཟིན་པ་དང་། ནང་མིར་དཀའ་ངལ་ཡོད་མཁན། འཇིགས་སྐུལ་རིང་ལུགས་པ་དང་དྲག་སྤྱོད་པ། ཆོས་ལུགས་ལ་རྒོལ་མཁན། རྒྱལ་ཁབ་ཁ་བྲལ་གཏོང་མཁན། ཏཱ་ལའི་ཁ་བྲལ་རིང་ལུགས་པའི་བརྒྱུད་སྐུལ་འོག་ཏུ་འགྲོ་མཁན། ཁ་བྲལ་བའི་ཕྱོགས་གཏོགས་ཟེར་བ་སོགས་ངན་ཁག་སྣ་ཚོགས་གཡོག་བཞིན་པ་མ་ཚད། ཕྱི་ལོ་ ༢༠༡༢ ཟླ་༡༡ ཚེས་༡༤ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གིས། རང་ལུས་མེར་སྲེག་གི་གནད་དོན་ལ་དམིགས་ནས་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་དོན་ཚན་ལྔ་ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད ཡང་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་སྲེག་དང་འབྲེལ་བའི་དོན་ཚན་བདུན་ཅན་ཞིག་ཁྱབ་བསྒྲགས་བྱས་པའི་ནང་། རང་སྲེག་རྒྱག་རྩིས་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་བྱ་དགའ་སྒོར་ཁྲི་ལྔ། རང་སྲེག་ལ་སྐུལ་སློང་བྱེད་མཁན་ཉེས་འདོན་བྱེད་མཁན་ལ་སྒོར་ཁྲི་བཅུ། རང་སྲེག་བཀག་མཁན་ལ་སྒོར་ཁྲི་ཉི་ཤུ། རང་སྲེག་རྒྱག་མཁན་གྱི་ཁྱིམ་མིར་ཞལ་འདེབས་རྩ་འཛུགས་ཉེས་འདོན་བྱེད་མཁན་ལ་སྒོར་སྟོང་གཅིག་སོགས་སྤྲོད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཡང་ཕྱི་ལོ་ ༢༠༡༢ ཟླ་༡༢ ཚེས་༣ ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་འོག་རིམ་ལ་ཁྱབ་བསྒྲགས་བྱས་ཞེས་པ་ཞིག་ཁྱབ་བསྒྲགས་བྱས་ཡོད།

བསམ་འཆར་དེའི་དོན་བསྡུས་ན། རང་སྲེག་གི་གནས་ཚུལ་བྱུང་ཡུལ་དུ་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ། སྨན་བཅོས་མི་སྣ་སོགས་བཀག་འགོག་བྱས་པ་དང་། དེ་བཞིན་རང་ལུས་མེར་སྲེག་གི་ཆེད་དུ་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན་རྣམས་ལ་ཉེས་ཁྲིམས་གཅོད་རྒྱུ་ཞེས་དང་། ཡང་དེའི་ནང་། རང་ལུས་མེར་སྲེག་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློང་བ། རང་སྲེག་བྱ་ཡུལ་དུ་འུར་བརྒྱབ་ནས་ཟིང་སློང་སྟེ་མི་མང་འདུ་འཛོམ་བྱ་ཡུལ་གྱི་སྒྲིག་ལམ་ཚབས་ཆེན་དཀྲུག་པ། མི་མང་འདུ་འཛོམས་བྱ་ཡུལ་དུ་རང་སྲེག་གི་བྱ་སྤྱོད་ལག་བསྟར་བྱས་ཏེ། སྤྱི་པའི་བདེ་དོན་ལ་གནོད་སྐྱེལ་བ། སྤྱི་བདེའི་མི་སྣ་དང་། ཉེན་རྟོག་པ། རྒྱལ་ཁབ་ཀྱི་ལས་བྱེད་པ་བཅས་ཀྱིས་གཞུང་དོན་བྱེད་སྐབས་འགོག་རྐྱེན་བཟོ་བ་སོགས་ཉེས་ཁྲིམས་གཅོད་རྒྱུ།  མེར་སྲེག་བརྒྱུད་སྐུལ་བྱེད་མཁན་མི་གསོད་ནག་ཉེས་ཀྱི་ཁྲིམས་ཐོག་སྦྱར་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དེ་ནི། རྒྱ་གཞུང་གི་དཔོན་རིགས་དབང་ཆ་གཅིག་བསྡུས་རིང་ལུགས་པ་ཚོས། གང་འདོད་ལྟར་བསམ་འཆར་འདི་ཁ་གཡར་ཆེད་དུ་བཀྲམ་པ་ཞིག་ཡིན།

གང་ཡིན་ཞེ་ན། ད་ལྟའི་སྐབས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་འབྲེལ་ཡོད་མི་སྣ། ནང་མི། ཁྱིམ་མཚེས། གྲོང་མི་སོགས་འདུ་འཛོམས་ཀྱིས་རང་ལུས་མེར་སྲེག་བྱེད་མཁན་གྱི་སྐུ་ཕུང་རྒྱ་ལག་ཏུ་མི་ཤོར་བ་དང་། བོད་ལུགས་ལྟར་ཞལ་འདོན་སྨོན་ལམ་སོགས་ཀྱིས་རྗེས་འཇུག་སྒྲུབ་སྲོལ་ཡོད་པ་ལྟར་གང་ཐུབ་བྱེད་བཞིན་ཡོད་པ་དང་། ད་དུང་ས་གནས་མང་པོའི་ནང་༧གོང་ས་མཆོག་གི་སྐུ་པར་གདན་འདྲེན་ཞུས་ནས་སྨོན་ལམ་འཚོགས་པ་དང་མི་རྒན་པ་ཚོས་གཏམ་བཤད་སྤེལ་བ་སོགས། ཚང་མས་ཆིག་སྒྲིལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ཚོར་མནར་གཅོད་གཏོང་ཆེད་དུ་ཡིན་པ་དང་། ད་ལྟའི་སྐབས་བསམ་འཆར་ལ་ཁག་དཀྲིས་ནས་བོད་མི་མང་པོ་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་བྱེད་འགོ་བཙུགས་ཡོད་ཅིང་། ཐ་ན་རང་ལུས་མེར་སྲེག་བྱེད་མཁན་ལ་བལྟས་པ་ཙམ་གྱིས་ཉེས་ཁྲིམས་གཅོད་རྒྱུ་ཞེས་ཁྱབ་བསྒྲགས་བྱས་པ་དེ་ནི། མི་སྤྱོད་ལས་འདས་པ་དང་འགྲོ་བ་མིའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་ཡིན་ཞེས་བརྗོད་ཆོག

ད་ཐེངས་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ནི་ཕྱི་ལོ་ ༢༠༡༣ ལོར་རང་ལུས་མེར་བསྲེགས་ནགང་མཁན་རྒྱལ་གཅེས་དཔའ་བོ་ཚེ་རིང་བཀྲིས་ལགས་དང་གྲུབ་མཆོག་གཉིས་རྗེས་ཀྱི་མི་གསུམ་པ་དེ་ཡིན་ཞིང། ཁོང་རྣམས་ནི་རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་དྲིལ་བསྒྲྲགས་སྣ་ཚོགས་དང་བཙོན་འཇུག་བཀག་ཉར་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས་རང་སྲེག་གནང་བ་ཞིག་ཡིན་པས། རྒྱ་གཞུང་གི་འཁྱོག་བཤད་དང་ལྐོག་རྔན་སྤྲོད་ཐབས། མི་མང་བསླུ་ཐབས། དྲིལ་བསྒྲགས་སྣ་མང་ཅན་དེས་དུས་ནམ་ཡང་བོད་མི་ཚོ་བསླུ་མི་ཐུབ་པའི་རྟགས་མཚན་གསལ་པོ་ཆགས་ཡོད་པས། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལོ་གསར་པ་འདིའི་ནང་རྣམ་དཔྱོད་གསར་པ་ཞིག་བཏོན་ནས། བོད་མི་ཚོས་རང་ལུས་མེར་སྲེག་བྱས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ཁོང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐབས། ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། དེ་ལས་ལྡོག་སྟེ་རྒྱུན་ལྡན་བཞིན་ངན་ཁག་ཡོངས་རྫོགས་གཞན་དཀྲིས་བྱས་ཏེ་བསྡད་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མེ་ཡིས་འཚིགས་སྲིད་པས་དེ་དུས་རི་ལུག་ཀྱང་ཐག་པས་མི་འདུམ་ཟེར་བའི་དཔེ་དེ་རྒྱ་གཞུང་ལ་མངོན་དུ་གྱུར་ངེས་ཡིན། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རང་ལུས་མེར་སྲེག་ཐད་རྒྱབ་སྐྱོར་ངེས་གནང་ཡོང་བར་ཞུ་རྒྱུ་ཡིན། ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱིས། ཕྱི་ལོ་༢༠༡༣ ཟླ་༡ ཚེས་༢༣ ཉིན།།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་སྡེ་བ།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་སྡེ་བ།