ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༣ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་༥ ཡས་མས་སུ་རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་མདོ་སྨད་རྔ་བ་རྫོང་ རྨེའུ་རུ་མའི་ཤང་ཐོག་ནས་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ཞི་རྒོལ་གནང་འདུག་པ་དང་། སྐབས་དེར་ཉེན་རྟོག་པ་དང་དམག་མིས་སྨན་ཁང་དུ་བཙན་ཁྲིད་བྱས་འདུག་ཀྱང་སྨན་ཁང་དུ་མ་འབྱོར་གོང་ལམ་ཁ་ནས་འདས་གྲོངས་སུ་ཕྱིན་འདུག དཀོན་མཆོག་ཚེ་བརྟན་ལགས་ཀྱི་བཟའ་ཟླ་ནམ་སྣང་ལགས་དང་གཉེན་འབྲེལ་འགའ་ཞིག་ཀྱང་ འཛིན་བཟུང་བྱས་ཡོད་པ་དང་། ས་གནས་དེའི་ཁྲོམ་གཞུང་དང་ཁ་པར་བརྒྱུད་ལམ་སོགས་ལ་དམ་དྲག་ནན་མོ་བྱེད་བཞིན་ ཡོད་འདུག རྒྱལ་གཅེས་དཔའ་བོ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་སྲེག་གནང་དགོས་ དོན་ནི། ཁོང་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་རང་གིས་སྲེག་པའི་མེ་དཔུང་ཁྲོད་དུ་ སྐད་ཤུགས་ཆེན་པོས་“༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཁྲི་ལོར་བརྟན་པར་ཤོག ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་ཕེབས་འཇུག་དགོས། བོད་མི་གཞིས་བྱེས་མཉམ་འཛོམས་ཡོང་དགོས” ཞེས་སྐད་འབོད་རྒྱག་བཞིན་ཡར་རྒྱུག་མར་རྒྱུག་གནང་རྗེས་སར་འགྱེལ་སྐབས་གཡས་ གཡོན་གྱི་མི་ཚོས་དངོས་སུ་མཐོང་ཐོས་བྱུང་ཡོད་འདུག ཁོང་གིས་བོད་སྤྱི་བའི་ཆེད་དུ་བློས་བཏང་ཆེན་པོ་གནང་བར་གུས་བརྩིས་མྱ་ངན་དང་ བསམ་དོན་ལྟར་འགྲུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན།
རྒྱལ་གཅེས་དཔའ་བོ་ཁོང་ནི་མདོ་སྨད་རྨ་ཆུ་རྫོང་གི་ཆུ་ཁ་མའི་རྒྱུ་ལག་རུ་ཆེན་ ནས་ཡིན་པ་དང་། རྔ་བ་རྫོང་གི་རྨེའུ་རུ་མ་ཤང་རྨེའུ་རུ་མའི་རུ་ཆེན་དང་པོའི་ནང་མག་པར་ཕྱིན་པ་ དང་། རང་ལོ་༣༠ ཡིན་འདུག ཁོང་གི་ཕ་མིང་ལ་བསམ་ཁོ་དང་ཨ་མའི་མིང་ལ་འོ་དགའ་ཞུ་བ་དང་། ཆུང་མའི་མིང་ལ་ནམ་སྣང་ཟེར་ཞིང་རང་ལོ་ ༢༨ ཡིན་འདུག ཁོང་བཟའ་མི་གཉིས་ལ་བུ་གཉིས་ཡོད་པ་ལས། ཆེ་བ་ཕྱག་རྡོར་སྐྱབས་ལོ་ ༤ དང་། ཆུང་བ་དཔལ་རྩལ་སྐྱབས་ལོ་ ༣ ཡིན་འདུག
ད་བར་རྒྱ་གཞུང་གིས་བོད་ཐོག་མཁྲེགས་ འཛིན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས་དྲག་གནོན་དང་། ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཅར་རྡུང་དང་བཙོན་འཇུག་ཁྲིམས་བཅད་སོགས་ ཀྱི་གདུག་རྩུབ་ཅན་གྱི་བྱ་སྤྱོད་དེ་རིགས་ལ་བརྟེན་ནས་བོད་ནང་རང་ལུས་མེར་སྲེག་ གཏོང་མཁན་དཀོན་མཆོག་ཚེ་བརྟན་རྩིས་པས་མི་གྲངས་༡༢༣ བྱུང་ཡོད་ལ། རྒྱ་གཞུང་གིས་བོད་མིའི་མངོན་འདོད་ལ་བསམ་ཞིབ་དང་བོད་ཐོག་འཛིན་པའི་མཁྲེགས་ བཟུང་གི་སྲིད་ཇུས་དེ་རིགས་སྒྱུར་བཅོས་མ་བཏང་བར་རང་ལུས་མེར་སྲེག་གིས་མཚོན་ ལས་འགུལ་སྣ་ཚོགས་ཇི་བྱུང་གི་འགན་འཁུར་ཡོངས་རྫོགས་རྒྱ་གཞུང་གི་འགོ་ཁྲིད་ཚོས་ འཁུར་དགོས་པ་མ་ཟད། རང་ལུས་མེར་སྲེག་དང་མང་ཚོགས་ཀྱི་ཞི་རྒོལ། དེ་མིན་གྱི་འདུ་འཛོམས་སོགས་བྱུང་རིགས་སྐབས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་བསྙོན་འཛུགས་སྣ་ཚོགས་བྱས་དང་ བྱེད་བཞིན་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་ནང་ཡར་རྒྱས་དང་བདེ་སྐྱིད་ལྡན་ཚུལ། རང་ལུས་མེར་སྲེག་གི་གནས་ཚུལ་མེད་ལུགས་སོགས་དོན་དངོས་ལ་སྦས་འགེབ་འཁྱོག་བཤད་ དང་འགན་འཁུར་མེད་པའི་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་པ་འཕྲལ་དུ་མཚམས་ འཇོག་དགོས་པ་མ་ཟད། གཡས་ཁག་གཡོན་དཀྲི་མེད་པར་བོད་མིའི་རང་དབང་དང་མངོན་འདོད་ཀྱི་འབོད་སྒྲ བོད་མིའི་ཚེ་སྲོག་ལ་ཉན་འཇོག་བརྩི་བཀུར་དགོས་པ་དང་། བོད་རྒྱ་གཉིས་ཕན་གྱི་ཐབས་ལམ་ཞིག་སྤྱད་དེ་བོད་རྒྱའི་དཀའ་ཉོག་སེལ་ཐབས་ལ་འཕྲལ་ དུ་དགོངས་བཞེས་ཡོང་བའི་འབོད་བསྐུལ་ནན་གྱིས་ཞུ་རྒྱུ་ཡིན།
རྒྱལ་གཅེས་དཔའ་ བོ་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་ གནང་སྟེ་སྐུ་འདས་གྲོངས་སུ་ཕྱིན་པར་བློ་ཕམ་དང་། ཁོང་གི་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་གཙོས་སྤུན་མཆེད་ཉེ་འབྲེལ་ ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་དང་། འབྲི་རུ་རྫོང་སོགས་བོད་ཀྱི་ས་ཁུལ་འགའ་ཤས་ནང་ཉེས་མེད་ཉེས་འཛུགས་ཀྱིས་བོད་མི་ གང་བྱུང་འཛིན་བཟུང་གིས་སྡུག་སྦྱོང་དང་ཁྲིམས་ཐག་བཅད་དང་གཅོད་བཞིན་པ་དེ་རིགས་ འཕྲལ་དུ་མཚམས་འཇོག་དང་གློད་གྲོལ་གཏོང་དགོས། རྒྱ་གཞུང་གིས་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་དང་། རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བརླག་བཏང་དང་གཏོང་བཞིན་པ་དང་། བོད་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་ གྱི་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཡོངས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་སྔར་ལྷག་ནུས་ཤུགས་འདོན་དགོས་ པའི་དུས་ལ་བབ་ཡོད་པས། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་སྒྱུར་བཅོས་དང་བོད་ནང་གི་འགྲོ་བ་མིའི་ ཐོབ་ཐང་སྲུང་སྐྱོབ་སླད་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་ནན་ བརྗོད་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༡༢ ཚེས་༥ ཉིན།