རྒྱལ་གཅེས་དཔའ་བོ་གྲྭ་ལུང་རྟོགས་ལགས་དང་མི་སྐྱ་བཀྲ་ཤིས་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་༢༠༡༢ ཟླ་༨ ཚེས་༡༣ ཉིན་བོད་ནང་གི་ཆུ་ཚོད་༦།༥༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་། ཆོས་རྗེ་མ་ཡུལ་ཚོ་སོ་རུ་མ་སྡེ་བའི་རང་ལོ་༢༡ ཡས་མས་ཡིན་པའི་མི་སྐྱ་བཀྲ་ཤིས་ལགས་དང་། རང་ལོ་༢༠ ཡས་མས་ཡིན་པའི་སོ་རུ་མ་སྡེ་བའི་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་ལུང་རྟོགས་ལགས་གཉིས་ཀྱིས། རྔ་པ་ཀིརྟི་དགོན་པའི་འདབས་ཀྱི་མ་ཎི་འཁོར་ཁང་ཞིག་གི་ནང་ནས་རང་ལུས་ལ་མེར་བསྒྲོན་ཏེ་དཔའ་བོའི་སྲང་ལམ་ནས་རྒྱ་གཞུང་གི་ནོར་འཁྲུལ་དང་གདུག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག
བོད་ནང་གི་གནས་སྟངས།བོད་ནང་གི་གནས་སྟངས།
དེ་ཡང་གྲྭ་ལུང་རྟོགས་ལགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་གཞུང་ལམ་དབུས་མའི་བཞི་མདོར་སླེབས་མཚམས། རྒྱ་མིའི་ཉེན་རྟོག་པ་ཁག་ཅིག་གིས་རུབ་བརྒྱབ་ནས་མེ་བསད་དེ་བཙན་ཁྲིད་བྱས་ཡོད་འདུག་པ་དང་། བཀྲ་ཤིས་ལགས་ཀྱིས་དཔའ་བོའི་སྲང་ལམ་ནས་སྐད་འབོད་བྱེད་བཞིན་ཡོང་སྐབས། གཞུང་ལམ་དུ་མ་སླེབས་ཙམ་ལ་ཉེན་རྟོག་པ་མང་པོས་རུབ་བརྡུངས་བྱས་ནས་མེ་བསད་དེ་སྣུམ་འཁོར་ནང་བཙན་ཁྲིད་ཀྱིས་སྐབས་ཐོག་དེར་རྔ་པའི་སྨན་ཁང་དུ་ཁྱེར་ནས་དུས་ཚོད་ཕྱེད་ཀ་ཙམ་རིང་བསྡད་རྗེས་འབར་ཁམས་ལ་བཙན་ཁྱེར་བྱས་ཏེ། རྔ་པ་བོད་རིགས་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་ནས་ཕྱི་ཚེས་ ༡༤ ཉིན་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་འདུག་ཀྱང་། ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲད་ཡོད་མེད་གསལ་པོ་ཤེས་རྟོགས་ཐུབ་མི་འདུག
བོད་ནང་གི་གནས་སྟངས།བོད་ནང་གི་གནས་སྟངས།
རྒྱལ་གཅེས་དཔའ་བོ་ལུང་རྟོགས་ལགས་དང་། བཀྲ་ཤིས་ལགས་གཉིས་ཀྱིས་ཕྱི་ཚེས་ ༡༣ ཉིན་རང་ལུས་མེར་བསྲེགས་བཏང་བར་བརྟེན། ཤུལ་ལུས་ནང་མི་དང་བཅས་པར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། ཕྱི་ཚེས་ ༡༤ ཉིན་རྔ་པའི་རྫོང་མཁར་གྱི་བོད་པའི་ཟ་ཁང་དང་ཚོང་ཁང་ཚང་མ་སྒོ་བརྒྱབ་སྟེ་རྔ་པ་མི་མང་གིས་དགོན་པ་ཁག་ལ་བསྔོ་རྟེན་ཕུལ་བ་དང་སྐོར་བ། ཕྱག་མཆོད་འབུལ་སོགས་བྱས་ཏེ་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་པ་སྟོན་གང་ཐུབ་བྱས་ཡོད་འདུག
བོད་ནང་གི་གནས་སྟངས།བོད་ནང་གི་གནས་སྟངས།ཕྱི་ཚེས་ ༡༣ ཉིན་གྱི་དོན་རྐྱེན་རྗེས་སུ་རྔ་པ་ཀིརྟི་དགོན་པའི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཁང་གི་འགན་འཛིན་སོགས་དགོན་པའི་ལས་སྣེ་ཁག་ཅིག་རྫོང་སྲིད་གཞུང་དུ་ཐེངས་ཁ་ཤས་ལ་འབོད་འགུག་གིས་ཚོགས་འདུ་བསྐོངས་ཡོད་འདུག
རྒྱལ་གཅེས་དཔའ་བོ་གྲྭ་ལུང་རྟོགས་ལགས་ནི། ཕ་རིས་ཆུང་དང་མ་ཀླུ་མོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་རྔ་པ་ཀིརྟི་དགོན་པའི་སྨན་པ་གྲྭ་ཚང་གི་གྲྭ་བ་ཡིན་པ་དང་། བཀྲ་ཤིས་ལགས་གྲྭ་པ་ཡིན་སྐབས་ཁོང་གཉིས་འཛིན་གྲྭ་གཅིག་པ་ཡིན་འདུག ཟླ༨ ཚེས༡༣ ཉིན་གྱི་སྔ་དྲོར་སྨན་པ་གྲྭ་ཚང་ཚོགས་ལ་འཚོགས་སྐབས་ལུང་རྟོགས་ལགས་ཀྱིས། བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ཀྱི་ཆེད་དུ། དགེ་འདུན་རེ་ལ་རྒྱ་སྒོར་གཅིག་རེ་སྐུ་འགྱེད་བཏང་སྟེ་བསྔོ་བ་སྨོན་ལམ་དང་སྐྱབས་འཇུག་ཞུ་སྐུལ་གནང་འདུག
རྒྱལ་གཅེས་དཔའ་བོ་བཀྲ་ཤིས་ལགས་ནི། མ་རྔ་པོ་ཟེར་བའི་བུ་ཡིན་པ་དང་། དེ་སྔོན་ཀིརྟི་དགོན་པའི་གྲྭ་པ་ཡིན་པ་དང་། ཕྱི་ལོ་༢༠༡༡ ལོར་སྐྱ་སར་བབས་ནས་ཕ་མའི་རྩར་བསྡད་ཡོད་འདུག དུས་དེ་རིང་གི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་༤༩ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་གྲྭ་ལུང་རྟོགས་ལགས་དང་བཀྲ་ཤིས་ལགས་གཉིས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་བས། ད་ལྟའི་ཆར་འདས་གྲོངས་སུ་གྱུར་པའི་གྲངས་ཀ་ནི། ༣༩ ཆགས་ཡོད། གང་ལྟར་བོད་ནང་གི་ཛ་དྲག་གི་གནས་ཚུལ་འདི་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ཁོ་ན་ལ་བརྟེན་ནས་ཡོང་གི་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་རིམ་པའི་ནང་བཀོད་ཡོད་པ་དེ་བསྐྱར་ནན་བྱེད་རྒྱུ་ཡིན།
དུས་ཚོད་ཐུང་ངུ་འདི་འདྲ་ཞིག་གི་ནང། བོད་ནང་ཕོ་དང་མོ། དགེ་འདུན་པ་དང་བཙུན་མ། ཞིང་པ་དང་འབྲོག་པ། རྒན་གཞོན་དབྱེར་མེད་ཀྱིས། རང་གི་དྲིན་ཆེན་ཕ་མ་དང་། ཤ་ལས་སྐྱེས་པའི་བུ་ཕྲུག རིན་ཐང་བྲལ་བའི་རང་གི་ཚེ་སྲོག་བློས་བཏང་ནས་བོད་ཀྱི་བདེན་པ་རྩོད་ཀྱི་ཡོད་པ་ལ། དྲང་བདེན་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཚོགས་སོགས་ཀྱིས་ཐེ་གཏོགས་བྱེད་དགོས་པའི་དུས་ལ་བབ་ཡོད། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མི་སེར་ས་ཡ་མང་པོར་གནས་ཚུལ་ཡོངས་རྫོགས་འགྲེལ་ལོག་བརྒྱབ་ནས། རྒྱ་བོད་མི་རིགས་དབར་འཁོན་འཛིན་སློང་ཐབས་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དངོས་ཡོད་ཀྱི་གནས་ཚུལ་ཤེས་བཞིན་དུ། ད་དུང་ཡང་བོད་ནང་ཛ་དྲག་གི་གནས་ཚུལ་མ་མཐོང་མདོག་བྱས་ཏེ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི། འཁྱོག་བཤད་དང་གཡོ་སྒྱུ་ལ་རྒྱབ་སྐྱོར་དང་དྲང་བདེན་དང་ཉམ་ཆུང་རྡོག་རོལ་དུ་བཏང་བ་ཞིག་ཆགས་འགྲོ་བཞིན་ཡོད་ན། དེ་དོན་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་སྲིད་གཞུང་། གཟུ་བོར་གནས་པའི་གསར་འགོད་པ་སོགས་ཀྱིས་བོད་དོན་དང་རང་ལུས་མེར་བསྲེགས་ཐད། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།
ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༦ ཉིན།།

Menu