རྒྱལ་གཅེས་དཔའ་བོ་གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་འདུག

གནས་ཚུལ་འབྱོར་གསལ་ལྟར། ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ ཉིན་རྔ་པ་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་འཆི་མེད་དཔལ་ལྡན་ལགས་གཉིས་ཀྱིས་རྒྱ་ནག་གཞུང་གིས་བོད་མི་རིགས་རྩ་མེད་དུ་གཏོང་བཞིན་པའི་དྲག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་སྐད་འབོད་གནང་བཞིན་རང་ལུས་མེར་སྲེག་གནང་རྗེས་རྒྱ་དམག་གིས་ཁོང་གཉིས་སྨན་ཁང་དུ་བཙན་ཁྲིད་བྱས་ཡོད་པ་ལྟར། ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༥ ཙམ་ལ་རྒྱ་གཞུང་འབྲེལ་མི་སྣས་ཚོ་བདུན་ཀིརྟི་དགོན་པར་རུས་ཐལ་ཞིག་སྤྲད་དེ་གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཟིན་པ་བརྗོད་ཡོད་པ་རེད། དེ་རིང་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་པ་དང་། གྲྭ་བསྟན་པ་དར་རྒྱས་ལགས་ཀྱང་ད་ལྟའི་ཆར་སྐུ་གྲོངས་མེད་པར་རྔ་པ་རང་སྐྱོང་ཁུལ་སྨན་ཁང་དུ་ཡོད་ཀྱང་།  མེར་བསྲེགས་ཚབས་ཆེན་ཐེབས་ཡོད་སྟབས་གསོན་ཐབས་ཀྱི་རེ་བ་བྲལ་པའི་ཡིད་སྐྱོ་བའི་གནས་སྟངས་སུ་གྱུར་ཡོད་འདུག

དེ་ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་པ་ལྟར་ན།  ཕྱི་ཚེས་ ༣༠ཉིན་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་རྒྱལ་རོང་ཚོ་བདུན་ཀིརྟི་དགོན་པའི་གྲྭ་བསྟན་པ་དར་རྒྱས་དང་། འཆི་མེད་དཔལ་ལྡན་གཉིས་རྒྱ་གཞུང་དྲག་ཆས་ཉེན་རྟོག་པས་རྔ་པ་རང་སྐྱོང་ཁུལ་གྱི་སྨན་ཁང་དུ་ཁྲིད་ནས་དམ་དྲག་ཆེན་པོའི་འོག་བཞག་ཡོད་སྟབས།ཁོང་གཉིས་ཀྱི་ཤི་གསོན་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་ཐུབ་མེད་ཀྱང་། ཉིན་དེའི་བོད་ནང་གི་མཚན་མོའི་དུས་ཚོད་ ༩ཙམ་ནས་ས་གནས་དེ་གའི་སེར་སྐྱ་མི་མང་བརྒྱ་ལྷག་ཁུལ་སྨན་ཁང་སྒོ་ཁར་འཛོམས་ཏེ། དགེ་འདུན་པ་གཉིས་ཤི་གསོན་གནས་ཚུལ་གང་བྱུང་ཡོད་ཀྱང་ཁོང་གཉིས་ཕྱིར་སྤྲོད་དགོས་པ་དང་། སྨན་ཁང་ནང་དུ་ལྟ་རུ་འགྲོ་དགོས་པའི་རེ་འདུན་བཏོན་ཏེ་ངུ་འབོད་ཞུ་སྐུལ་ཤུགས་ཆེན་བྱས་པར།  རྒྱ་གཞུང་གིས་མི་མང་གི་རེ་སྐུལ་ལ་ཉན་འཇོག་བྱ་རྒྱུ་ལས་ལྡོག་སྟེ། གང་བྱུང་མང་ཚོགས་ལ་གཅར་རྡུང་བྱས་ཏེ་མི་མང་པོར་རྨས་སྐྱོན་ཕོག་ཡོད་པ་མ་ཟད། མི་མང་པོ་ཞིག་འཇུ་བཟུང་གིས་བཀག་ཉར་བྱས་ཡོད་འདུག

ཡིན་ནའང་། མང་ཚོགས་ཀྱིས་གཅར་རྡུང་ལ་བཟོད་བསྲན་བྱས་ཏེ་མུ་མཐུད་དུ་སྨན་ཁང་ནང་ལྟ་རུ་བསྐྱོད་འཇུག་དགོས་པའི་རེ་འདུན་བཏོན་ཏེ་ཨུ་ཚུགས་མཐར་བསྐྱེད་བྱས་ཡོད་སྟབས། མཚན་མོའི་དུས་ཚོད་ ༡༢ ཡས་མས་སྟེང་མི་གཉིས་རེ་གཉིས་རེ་བྱས་ཏེ་མང་ཚོགས་ཁག་ཅིག་ལ་ཐག་རིང་ནས་ལྟ་རུ་བཅུག་ཡོད་པ་དང་། གྲྭ་འཆི་མེད་དཔལ་ལྡན་ལགས་འདས་གྲོངས་སུ་གྱུར་ཡོད་པ་ངེས་ལེན་ཐོག ཕྱི་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་ ༥ ཙམ་ལ་རུས་ཐལ་ཞིག་ཚོ་བདུན་ཀིརྟི་དགོན་པར་སྤྲད་ཡོད་འདུག   ད་ལྟ་ཁོང་གི་རུས་ཐལ་དགོན་པའི་ནང་གདན་འདྲེན་གྱིས་དགོན་པའི་གྲྭ་མང་གིས་ཀུན་རིག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་རྗེས་འཇུག་གི་ཆོ་ག་སྒྲུབ་བཞིན་ཡོད་འདུག

ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ནས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༣༠ བར་རྒྱལ་གཅེས་དཔའ་བོ་བསྟན་པ་དར་རྒྱས་ལགས་དང་འཆི་མེད་དཔལ་ལྡན་ལགས་གཉིས་བརྩིས་པའི་བོད་ནང་རང་ལུས་མེར་སྲེག་གནང་མཁན་མི་གྲངས་ ༣༣ བྱུང་ཡོད་པ་དང་། རྒྱལ་གཅེས་དཔའ་བོ་གྲྭ་འཆི་མེད་དཔལ་ལྡན་ལགས་རང་ལུས་མེར་སྲེག་གིས་སྐུ་སྲོག་ཤོར་མཁན་ ༢༤ པ་ཆགས་ཡོད།   བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ནང་རང་ལུས་མེར་སྲེག་དང་། དམར་གསོད་ཀྱི་དོན་རྐྱེན་བྱུང་རིམ་བཞིན་གསར་འགོད་བསྒྲགས་གཏམ་རིམ་སྤེལ་བྱས་ཡོད་པའི་ནང། རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་ལ་བསྒྱུར་བཅོས་བཏང་སྟེ་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོའི་རེ་འདུན་ཏེ། ༧གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་པ་དང། བོད་ལ་རང་དབང་དགོས་པ། བོད་མི་ཚོར་འགྲོ་བ་མིའི་ཐོབ་ཐང་དགོས་པ་བཅས་ལ་ངེས་པར་དུ་བསམ་གཞིག་བྱེད་དགོས་པ་ནན་བརྗོད་བྱས་ཡོད་ལ་ད་དུང་ཡང་དེ་བཞིན་བྱེད་རྒྱུ་ཡིན། བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་གཅིག་མཇུག་གཉིས་མཐུད་བྱས་ནས་ཡོང་གི་ཡོད་པས། རྒྱ་ནག་གཞུང་ལ་བདེན་རྫུན་འབྱེད་པའི་ཁྲིམས་ལུགས་དང་མི་མང་གི་བདེ་སྡུག་ལ་ལྟ་མཁན་གྱི་འགོ་འཁྲིད་ཡོད་ན། བོད་མི་ཚོའི་དགོས་འདུན་དང་རྒྱལ་སྤྱིའི་བཀོད་ཁྱབ་ཁག་ལ་འདི་ཡིན་དེ་མིན་གྱི་ལན་འདེབས་བྱེད་པའི་དུས་ལ་བབས་ཡོད།

དེ་ལས་ལྡོག་སྟེ་རྒྱ་གཞུང་གི་རྒྱུན་ལྡན་ལྟར་ཟུར་བལྟས་ལེབ་མཐོང་ཡིན་པའི་དངོས་ཡོད་ཀྱི་གནས་ཚུལ་ལ། སྒྲོ་འདོགས་དང་འཁྱོག་བཤད། རྫུན་སྒྲིག་སྣ་ཚོགས་བྱས་ཏེ་རྒྱལ་སྤྱི་དང་ལྷག་དོན་དྲང་བདེན་དང་རང་དབང་ལ་མོས་པ་ཆེ་བའི་རྒྱ་མི་རིགས་ལ་མགོ་སྐོར་གཏོང་ཐབས་བྱས་ཏེ། བོད་རྒྱ་མི་རིགས་གཉིས་དབར་དབྱེ་འབྱེེད་དང་མི་རིགས་ཀྱི་འཐབ་རྩོད་ཀྱི་ཞེ་འཁོན་སློང་ཐབས་བྱེད་བཞིན་པ་དེ་ནི། དུས་རབས་ཉི་ཤུ་རྩ་གཅིག་པ་འདིའི་ནང་ཆེས་མུན་ནག་གི་སྤྱི་ཚོགས་ཤིག་སྐྲུན་ཐབས་བྱས་པ་ཞིག་ཡིན། མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་ཁབ་ཁག་དང་རང་དབང་དང་དྲང་བདེན་ལ་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་སྡེ། གནད་ཡོད་མི་སྣ། གསར་འགོད་པ། རྩོམ་པ་པོ་སོགས་ཡོངས་རྫོགས་ཀྱིས་བོད་མི་ཚོའི་དགོས་འདུན་དང་རྒྱ་ནག་གི་མི་སྤྱོད་ལས་འདས་པའི་དྲག་གནོན་དང་འཁྱོག་བཤད། རྫུན་སྒྲིག་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་བྱས་ནས་འཛམ་གླིང་ཞི་བདེའི་ཕྱོགས་སུ་བསྒྱུར་ཐབས་ལ་ངེས་པར་དུ་འབད་བརྩོན་གནང་བའི་དུས་བབས་ཡོད་ཅེས་ཛ་དྲག་གིས་ནན་ཞུ་བྱེད་རྒྱུ་ཡིན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢ ལ།