རྒྱལ་གཅེས་དཔའ་བོ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་གྱིས་རང་ལུས་མེར་སྲེག་གནང་བའི་སྐོར་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༡༩ ཉིན་རྒྱབ་ཀན་ལྷོ་ཁུལ་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་དུ། ཨ་མཆོག་དགོན་པའི་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་འདུག་པ་དང་། དེ་ནས་ཡུན་རིང་མ་སོང་བར་ས་གནས་སྐྱ་སེར་མི་མང་གིས་ཁོང་གི་སྐུ་ཕུང་དགོན་པར་གདན་འདྲེན་ཞུས་ནས། དགོན་དེའི་དགེ་འདུན་པ་ ༤༠༠ ལྷག་གིས་མཆོད་འབུལ་དང་བསྔོ་སྨོན་གསུང་ཡོད་འདུག དམ་པ་ཁོང་གིས་ཡིག་ཐོག་ཞལ་ཆེམས་ཤིག་བཞག་ཡོད་པའི་ནང་། རྒྱ་ནག་གི་བཙན་དབང་ཁྲིམས་འོག་ན་བོད་མི་ཚོས་སྡུག་བསྔལ་མྱོང་གི་ཡོད་པ་དང་། རྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་ཡུལ་དུ་ཕེབས་ཆེད་དང་། པཎ་ཆེན་སྣང་བ་མཐའ་ཡས་བཙོན་གྲོལ་ཐོབ་ཆེད། བོད་མི་ས་ཡ་དྲུག་གི་སྡུག་བསྔལ་སེལ་ཆེད་སོགས་ལ་དམིགས་ནས། རང་ལུས་མེར་སྲེག་གནང་བའི་སྐོར་ཞིབ་ཕྲ་ཞལ་ཆེམས་ལག་བྲིས་མ་ཞིག་གི་ཐོག་བཀོད་འདུག རྒྱལ་གཅེས་དཔའ་བོ་གྲྭ་ཚུལ་ཁྲིམས་རྒྱ་མཚོ་ལགས་ནི། ཨ་མཆོག་དགོན་པའི་རྒྱུད་པ་གྲྭ་ཚང་གི་གྲྭ་རྒྱུན་ཡིན་པ་དང་། ད་ལྟའི་སྐབས་དགུང་ལོ་ ༤༢ ཡས་མས་ལ་སོན་ཡོད་འདུག་ཅིང་། ཁོང་གི་ཕ་སྔ་མོ་ནས་འདས་ཟིན་པ་དང་མའི་མིང་ལ་ལྷ་མོ་སྐྱིད་ཞུ་ཡི་ཡོད་འདུག ཁོང་གིས་རྒྱུན་དུ་ནས་ཆོས་དང་རིག་གནས་ཀུན་ལ་ཐུགས་སྣང་ཆེན་པོ་གནང་གི་ཡོད་པ་དང་། དགོན་པའི་ཆོ་ག་ཕྱག་ལེན་སོགས་བྱང་ཆ་ལྡན་པའི་དགེ་འདུན་པ་ཉམས་ལེན་པ་ཞིག་ཡིན་འདུག

 

ད་བར་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་གཡོན་ཐལ་ཅན་གྱི་སྲིད་བྱུས་ལ་བརྟེན་ནས། བོད་མི་ ༡༢༤ ཙམ་གྱིས་རང་ལུས་མེར་སྲེག་གནང་དགོས་བྱུང་ཡོད་རུང་། རྒྱ་གཞུང་གིས་ད་དུང་ཡང་བོད་མིའི་མངོན་འདོད་ལ་བསམ་ཞིབ་དང་། བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་ཇུས་དེ་རིགས་སྒྱུར་བཅོས་གཏོང་རྒྱུའི་ཚབ་ཏུ། རང་ལུས་མེར་སྲེག་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ། གྲོང་ཁྱིམ་མཚེས་སོགས་ལ་ཉེས་འཛུགས་སྣ་ཚོགས་ཀྱིས་བཙོན་འཇུག་མནར་གཅོད་གཏོང་གི་ཡོད་ལ། དམིགས་སུ་བཀར་ནས་དགེ་འདུན་པ་ཚོས་བོད་ཀྱི་རིག་གནས་དང་ཁོར་ཡུག་སོགས་ལ་ཕན་པའི་ལས་དོན་བྱས་ན། རྒྱ་ནག་གཞུང་གིས་དེ་མ་ཐག་བཙོན་འཇུག་དང་ཚེ་སྲོག་གཅོད་པའི་ངན་ཇུས་བཤམས་ཀྱི་ཡོད། དཔེར་ན། ནག་ཆུ་འབྲི་རུ་ལྟར་མོས་དགོན་པའི་དགེ་བཤེས་ངག་དབང་འཇམ་དབྱངས་ལགས། ཟླ་སྔོན་མའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་མནར་གཅོད་ཚད་མེད་བཏང་མཐར་རྐྱེན་ལམ་དུ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་ ༡༧ ཉིན་ཁོང་གི་སྐུ་ཕུང་ཕྱིར་ནང་མིར་སྤྲད་ཡོད་ཅིང་། ནང་མི་ཚོས་ཁོང་གི་སྐུ་ཕུང་སེ་ར་དགོན་པའི་དུར་ཁྲོད་དུ་ཞུགས་འབུལ་བྱས་ཡོད་པ་དང་། སྐུ་ཕུང་ནང་མིར་སྤྲོད་སྐབས་རྒྱ་གཞུང་གི་འབྲེལ་ཡོད་མི་སྣས་གལ་སྲིད་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ཚེ། གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་དམར་གསོད་གཏོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་འདུག ཁོང་དང་ལྷན་དུ་གྲྭ་སྐལ་བཟང་ཕྱོགས་གླང་དང་ད་དུང་དགེ་འདུན་པ་གཞན་ཞིག་འཛིན་བཟུང་བྱས་ཡོད་པ་ད་ལྟའི་སྐབས་གར་སོང་ཆ་མེད་དུ་གྱུར་ཡོད། འདི་དང་འདི་འདྲ་བ་བོད་ཀྱི་ས་གནས་གང་སར་རྒྱ་གཞུང་གིས་བཙོན་འཇུག་དང་མནར་གཅོད། རྐྱེན་ལམ་གཏོང་བཞིན་པའི་སྲིད་བྱུས་ལ་བརྟེན་ནས་བོད་མི་ཚོས་རང་ལུས་མེར་སྲེག་གིས་ཞི་རྒོལ་དེ་བྱས་དགོས་བྱུང་ཡོད་པ་ཟུར་བལྟས་ལེབ་མཐོང་ཡིན།

 

འོན་ཀྱང་། རྒྱ་གཞུང་གིས་རྫུན་རི་ཙམ་བཤད་ནས་བདེན་པ་ཡག་ཙམ་ཐོབ་ཆེད་དུ། ཉེན་ཁག་ཡོངས་རྫོགས་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་བཅས་ལ་འགེལ་ཐབས་བྱས་དང་བྱེད་བཞིན་པ་དང་། ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱ་གཞུང་གི་དཔོན་རིགས་ཚོ་ཆེད་བསྐྱོད་ཀྱིས། བོད་ནང་ཡར་རྒྱས་དང་བདེ་སྐྱིད་ལྡན་ཚུལ། རང་ལུས་མེར་སྲེག་གི་གནས་ཚུལ་གང་ཡང་བྱུང་མེད་ལུགས་སོགས། དོན་དངོས་སྦས་འགེབ་དང་འགན་འཁུར་མེད་པའི་དྲིལ་བསྒྲགས་ལོག་པ་སྤེལ་དང་སྤེལ་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། གཡས་ཁག་གཡོན་དཀྲི་མེད་པར་བོད་མིའི་རང་དབང་དང་མངོན་འདོད་ཀྱི་འབོད་སྒྲ་ཉན་འཇོག་དང་། བོད་མིའི་ཚེ་སྲོག་ལ་བརྩི་བཀུར་དགོས་པ།

 

རང་ལུས་མེར་སྲེག་གནང་མཁན་རྣམས་ཀྱི་ཕ་མ་དང་བཟའ་ཟླ་བུ་ཕྲུག་རྣམས་ཀྱིས་གཙོས་སྤུན་མཆེད་ཉེ་འབྲེལ་ཚོར་ཉེས་མེད་ཉེས་འཛུགས་ཀྱིས་གང་བྱུང་འཛིན་བཟུང་གིས་སྡུག་སྦྱོང་དང་ཁྲིམས་ཐག་བཅད་དང་གཅོད་བཞིན་པ་དེ་རིགས་འཕྲལ་དུ་མཚམས་འཇོག་དང་གློད་གྲོལ་གཏོང་དགོས་ལ། བོད་མིའི་ཚེ་སྲོག་དང་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གནང་མཁན་གྱི་གཞུང་དང་གྲོས་ཚོགས། ཚོགས་སྡེ་ཡོངས་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་སུ་སྔར་ལྷག་ནུས་ཤུགས་འདོན་དགོས་པའི་དུས་ལ་བབ་ཡོད་པས། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་སྒྱུར་བཅོས་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་སླད་གནོན་ཤུགས་སྔར་ལྷག་སྤྲོད་དགོས་པའི་འབོད་སྐུལ་ནན་བརྗོད་ཞུ་རྒྱུ་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༠ ཉིན།

 

Menu