རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་དང་གྲྭ་འཇིགས་མེད་བསྟན་འཛིན་ལགས་གཉིས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བསྒྲགས་གཏམ།

༄༅། །ཕྱི་ལོ་ ༢༠༡༤ ཟླ་ ༣ ཚེས་ ༡༦ ཉིན་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༡།༤༠ ཙམ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གསུམ་པའི་ཨ་ཤེར་ཚང་ནས་ཡིན་པ་རང་ལོ་ ༢༣ ཅན་རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་ཀྱིས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་དྲག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་ཆེད། རྔ་པའི་དཔའ་བོའི་སྲང་ལམ་དུ་ལུས་ལ་ས་སྣུམ་བྱུགས་ཏེ་རང་ལུས་མེར་བསྲེགས་ཀྱིས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་སོགས་སྐད་འབོད་གནང་བཞིན་རང་ལུས་མེར་བསྲེགས་བཏང་སྟེ། གོམ་པ་འགའ་ཤས་ཕེབས་ཡོད་ཀྱང་། དེ་མ་ཐག་རྒྱ་གཞུང་གིས་སྔ་ས་ནས་གྲ་སྒྲིག་ཡོད་པའི་དམིགས་བསལ་ཉེན་རྟོག་པ་སོགས་དམག་མི་འབོར་ཆེན་སླེབས་ཏེ་མེ་བསད་ཅིང་རླངས་འཁོར་ཆུང་བ་ཤིང་སྒམ་ཅན་ཞིག་གི་ནང་དུ་བཅུག་སྟེ་འབར་ཁམས་ཕྱོགས་སུ་བཙན་འཁྲིད་བྱས་ཡོད་ཅིང་། ད་ཆ་ཁོང་འདས་གྲོངས་སུ་གྱུར་ཟིན་འདུག རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་དཔལ་ལྡན་ལགས་ནི། 127མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཕ་གཡར་གྱི་མིང་ལ་ཤེས་རབ་དང་། མ་མིང་ལ་གནམ་ཁོ་ཟེར་བ་གཉིས་ཀྱི་བུ་ཡིན་ཞིང་། ནམ་རྒྱུན་སློབ་སྦྱོང་ལ་དོ་སྣང་ཆེ་ཁར་མི་རིགས་ཀྱི་ལར་ཞེན་སྙིང་ལ་བཅངས་ཏེ་བོད་ཀྱི་རྒྱལ་དར་གཉིས་མཆོད་སྒྲོམ་དུ་བཤམས་འདུག་པ་དང་། འཛིན་གྲྭ་བསྡུས་ཆེན་དུ་ཕེབས་བཞིན་པ་དང་། ཁོང་ལ་ད་དུང་སྤུན་ཆུང་བ་གཉིས་ཡོད་འདུག་ཅིང་། སྤུན་གྲྭ་བློ་བཟང་ཚུལ་ཁྲིམས་རྔ་པ་དགོན་ཆེན་གྱི་གྲྭ་བ་དང་། ཆུང་བ་འཕྲིན་ལས་ཕུན་ཚོགས་ཡུལ་ཚོར་སློབ་གྲྭར་འགྲོ་བཞིན་ཡོད་འདུག ད་ཐེངས་ཀྱི་རང་ལུས་མེར་བསྲེགས་འདི་ནི། ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༤།༣།༡༦ བར་རང་ལུས་མེར་བསྲེགས་གནང་མཁན་ ༡༢༧ པ་དེ་ཆགས་ཡོད་འདུག

 

ཡང་། ཕྱི་ལོ༢༠༡༤ ཟླ༣ ཚེས་ ༡༦ ཉིན་གྱི་སྔ་དྲོར་མདོ་སྨད་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་དགོན་པའི་ཉེ་འཁྲིས་སུ་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་ཡོད་པའི་གནས་ཚུལ་ཐོན་ཡོད་ཀྱང་། སྐབས་དེར་རྒྱ་གཞུང་གིས་བརྒྱུད་ལམ་ཁག་ལ་དམ་དྲག་ཤུགས་ཆེར་བྱས་རྐྱེན། རང་ལུས་མེར་བསྲེགས་གནང་མཁན་གྱི་མཚན་དང་འདས་གསོན་གང་ཡིན་ཤེས་རྟོགས་ཐུབ་མེད་ཀྱང་། ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། རང་ལུས་མེར་བསྲེགས་གནང་མཁན་ཁོང་རྩེ་ཁོག་སོ་ནག་དགོན་པའི་གྲྭ་འཇིགས་མེད་བསྟན་འཛིན་ཡིན་པ་དང་། ཁོང་གིས་སོ་ནག་དགོན་པའི་གླིང་གི་ཕྱི་རོལ་དུ་རང་ལུས་མེར་བསྲེགས་གནང་བ་དགོན་པའི་དགེ་འདུན་པ་ཚོས་མཐོང་སྟེ། དེ་མ་ཐག་ཁོང་དགོན་པར་གདན་འདྲེན་ཞུས་ཀྱང་ཅང་མ་འགོར་བར་སྐུ་གཤེགས་ཡོད་པ་དང་། སོ་ནག་དགོན་པའི་གྲྭ་བ་རྣམས་ཀྱིས་ཁོང་གི་སྐུ་ཕུང་རྒྱ་ལག་ཏུ་ཤོར་མ་བཅུག་པར་ཉིན་དེར་སྦྱིན་སྲེག་གནང་ཡོད་འདུག

ས་གནས་ཉེན་རྟོག་པས་རང་ལུས་མེར་བསྲེགས་བྱུང་བ་ཤེས་རྟོགས་བྱུང་མ་ཐག་སོ་ནག་དགོན་པར་དམ་དྲག་དང་། རྩེ་ཁོག་ཕྱོགས་ཀྱི་ཁ་པར་དང་དྲ་ཁང་སོགས་ལ་བཀག་སྡོམ་བྱས་ཏེ་གནས་ཚུལ་ཕྱི་ལ་ཐོན་མི་ཐུབ་པར་བཟོས་ཡོད་པར་མ་ཟད། དགོན་པའི་གྲྭ་བ་ཕོན་ཆེན་བཙན་འཁྲིད་ཀྱིས་རང་ལུས་མེར་བསྲེགས་གནང་མཁན་དང་འབྲེལ་བ་ཡོད་མེད་འདྲི་རྩད་བྱས་ཡོད་ཀྱང་། ནག་ཉེས་ཀྱི་ཁུངས་སྣེ་ཅི་ཡང་མ་རྙེད་པར་ཁོ་ཚོ་མང་ཆེ་བ་ཕྱིར་དགོན་པར་བཏང་ཡོད་ནའང་། དགེ་འདུན་པ་ཁ་ཤས་ལ་མུ་མཐུད་འདྲི་རྩད་བྱེད་བཞིན་ཡོད་འདུག ད་ལྟའི་ཆར་སོ་ནག་དགོན་གྱི་གྲྭ་བ་རྣམས་དགོན་པའི་ཕྱི་རུ་འགྲོ་མི་ཐུབ་པ་དང་། ཕྱི་ནས་ཡོང་བའི་མཆོད་མཇལ་བ་ཚོའང་དགོན་པའི་ནང་གཏོང་གི་མེད་པ་རེད།

རྒྱལ་གཅེས་དཔའ་བོ་འཇིགས་མེད་བསྟན་འཛིན་ལགས་ནི། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་སོ་ནག་ཚོ་བ་ལྔ་ཡོད་པ་ལས་རྔ་དཀར་སྡེ་བའི་ཕ་ལ་སྐྱབས་རྒྱལ་གྱི་བུ་ཡིན་ཞིང་། ད་ལྟ་རང་ལོ་ ༢༩ ལ་སོན་ཡོད་འདུག

དེ་སྔོན་རེབ་གོང་རོང་བོ་དགོན་ཆེན་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་ལོ་བཅུའི་རིང་ཕྱག་དཔེ་ཚུལ་བཞིན་གཟིགས་ནས་འཛིན་གྲྭ་སྐབས་དང་པོའི་བར་དུ་སླེབས་ཡོད་ཅིང་། ཕྱིས་སུ་སོ་ནག་དགོན་པར་ཕེབས་ཡོད་པ་དང་། ནམ་རྒྱུན་ཉམ་ཆུང་ཚུལ་མཐུན་དང་དཀར་ཟས་ཁོ་ནར་བསྟེན་མཁན་ཞིག་ཡིན་འདུག ཁོང་ནི་བོད་ནང་དུ་རང་ལུས་མེར་བསྲེགས་གནང་མཁན་༡༢༨ པ་དེ་ཆགས་ཡོད།

རྒྱ་གཞུང་གིས་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་དགོས་འདུན་ནམ་མངོན་འདོད་ཇི་ཡིན་ལ་རྟོག་ཞིབ་དང་བསམ་ཤེས་ཀྱི་འགན་འཁུར་གང་ཡང་མེད་ཁར་ཁོང་རྣམ་པར་དམའ་འབེབས་དང་། དེའི་འབྱུང་རྐྱེན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། བོད་མིའི་སྒྲིག་འཛུགས་ནས་སྐུལ་སློང་བྱས་ཚུལ་གྱི་བསྙོན་དཀྲི་བྱེད་པ། རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཕྱི་གྱར་མི་འགྲོ་བའི་སྦས་ཐབས་བྱེད་པ། རང་ལུས་མེར་བསྲེགས་གནང་ཡུལ་དགོན་གྲོང་ཁག་ཏུ་དམ་དྲག་ཅི་ཆེའི་ངང་རང་ལུས་མེར་བསྲེགས་གནང་མཁན་གྱི་ནང་མི་དང་ཉེ་འབྲེལ་སོགས་ལ་ཉེས་མེད་ཉེས་འཛུགས་ཀྱིས་འཛིན་བཟུང་བཙོན་འཇུག་དང༌། ཐ་ན་མི་བསད་ཀྱི་ཉེས་འཛུགས་བྱས་ཏེ་སྲོག་ཁྲིམས་བཅད་པ་སོགས་ཀྱི་སྡུག་སྦྱོང་མནར་གཅོད་གཏོང་བཞིན་ཡོད་པས། བོད་མིའི་འགྲོ་བ་མིའི་ཐོབ་ཐང་གནས་བབ་སོགས་ལ་བརྩི་སྲུང་བྱ་རྒྱུ་ལྟ་ཞོག མང་གཙོ་དང༌། རང་དབང༌། དྲང་བདེན་བཅས་ལ་དགའ་བའི་རྒྱལ་ཁབ་ཁག་གི་གཞུང་དང་། གྲོས་ཚོགས། དབུ་འཁྲིད་རྣམ་པ། ཚོགས་སྡེ་སོགས་ཀྱིས་བོད་མིའི་དཀའ་ངལ་སེལ་ཐབས་སུ་གྲོས་ཆོད་རིམ་འཇོག་དང་འབོད་སྐུལ་ཇི་གནང་བཅས་ཚང་མར་བརྩི་མེད་ཀྱིས་རྒྱ་གཞུང་གིས་རང་འདོད་ཁོ་ན་ལག་བསྟར་བྱས་དང་བྱེད་བཞིན་པ་དངོས་ཡོད་ཀུན་གསལ་གྱི་གནས་ཚུལ་དུ་གྱུར་ཡོད།

 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༤ ཟླ༣ ཚེས་༢༨ ལ།

 

 

 

 

 

 

 

Menu