རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་རྣམ་རྒྱལ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་འདུག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་༢༠༡༣ ཟླ་༢ ཚེས་༣ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༦ ཙམ་ལ། བོད་མདོ་སྨད་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་རང་ལོ་ ༣༧ ཡིན་པ་ཁོང་གིས། རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་མཁར་གྱི་སྤྱི་བདེ་ཉེན་རྟོག་ཁང་དང་ཐག་ཉེ་ཙམ་དུ་རང་ལུས་མེར་སྲེག་བཏང་སྟེ། ༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སོགས་སྐད་འབོད་བྱེད་བཞིན་ཉེན་རྟོག་ཁང་གི་ཕྱོགས་སུ་བརྒྱུགས་ཡོད་པ་དང་། མེ་འབར་ཤུགས་ཆེ་བས་ཁོང་ས་གནས་དེ་གར་འདས་གྲོངས་སུ་གྱུར་ཡོད་འདུག སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་རང་ལུས་མེར་སྲེག་གནང་ས་དེར་རྒྱབ་ཁུག་ཅིག་གི་ནང་ཐོབ་ཐང་ལག་ཁྱེར་དང་ཡི་གེ་ཞིག་རྙེད་སོན་བྱུང་བ་ལྟར། བརྩད་གཅོད་བྱས་མཐར་ཁོང་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྣམ་རྒྱལ་ཡིན་པ་ར་སྤྲོད་གསལ་པོ་བྱུང་ཡོད་ཀྱང་ཡི་གེའི་ནང་དོན་ཤེས་རྟོགས་ཐུབ་ཡོད་མི་འདུག དེ་བཞིན་ཁོང་གི་སྐུ་ཕུང་ནང་མིར་མ་སྤྲད་པར་རྒྱ་གཞུང་གིས་མེར་སྲེག་བཏང་རྗེས་རུས་ཐལ་ཞིག་ནང་མི་ཚོར་སྤྲད་ཡོད་འདུག

ཡང་གནས་ཚུལ་ཤེས་རྟོགས་བྱུང་བར། ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་དགུ་པའི་ནང་གྲྭ་བློ་བཟང་རྣམ་རྒྱལ་གློ་བུར་དུ་བདུན་ཕྲག་གཉིས་ཙམ་རིང་གར་སོང་ཆ་མེད་དུ་གྱུར་ཡོད་ལ། སྐབས་དེར་འཛིན་གྲོགས་རྣམས་དང་ནང་མི་སོགས་ཀྱིས་སེམས་ཁྲལ་ཆེན་པོས་ཉིན་མཚན་མེད་པར་བཙལ་ཡང་རྙེད་སོན་མ་བྱུང་མོད། རྗེས་སུ་ཤེས་རྟོགས་བྱུང་བར་རྔ་པའི་ཉེན་རྟོག་པས་བཀག་ཉར་བྱས་པ་ཡིན་འདུག་ལ།  འཇིགས་སྐུལ་འདྲ་མིན་བྱས་མཐར་གྲྭ་པ་མིན་ཚུལ་བརྗོད་བཅུག་སྟེ་དགོན་པའི་ནང་དུ་འདུག་མི་ཐུབ་པ་བཟོས་འདུག་ལ། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་ཀྱང་ཁོང་གཞང་ཁང་ནང་ནས་འཛིན་བཟུང་བྱས་ཚུལ་གྱི་གཏམ་འཆལ་བསྒྲགས་ཡོད་འདུག དེ་རྗེས་ཁོང་ཟླ་བ་ཁ་ཤས་རིང་འབྲོག་ཁུལ་གྱི་སྤུན་ཉེ་སོགས་ཀྱི་ནང་དུ་སྦས་སྐུང་བྱས་ཏེ་བསྡད་ཡོད་ཀྱང་། ཁོང་གར་སོང་ས་ན་ཉེན་རྟོག་པས་རྗེས་འདེད་དང་ལྟ་རྟོག་བྱས་ཏེ་སུན་གཙེར་འདྲ་མིན་བྱས་ཡོད་འདུག རང་ལུས་མེར་སྲེག་གཏོང་བར་མ་སོང་སྔོན་དེར་རྔ་པ་ཀིརྟི་དགོན་ནང་དུ་ཡོང་ནས། ཁོང་ད་ནས་བཟུང་གནས་གཞན་ཞིག་ལ་སྒྲིབ་སྦྱོང་བྱེད་དུ་འགྲོ་གི་ཡིན་བརྗོད་དེ་སོང་ཡོད་འདུག

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་རྣམ་རྒྱལ་ལགས།རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་རྣམ་རྒྱལ་ལགས།གྲྭ་བློ་བཟང་རྣམ་རྒྱལ་ལགས་ནི་རྔ་པ་རྫོང་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་གོང་མའི་ཕ་སྐར་ཁོ་དང་། མ་སྐར་སྐྱིད་གཉིས་ཀྱི་བུ་ཡིན་ཞིང་། ཁོང་གི་ནང་ལ་བུ་བཞི་དང་བུ་མོ་བཞི་བཅས་མིང་སྲིང་བརྒྱད་ཡོད་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་པ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ། དེང་སྐབས་འཛིན་གྲྭ་མཛོད་ལོ་རིམ་གཉིས་པ་ཡིན་པ་དང་། རྒྱུན་དུ་གཉོམ་ཆུང་ཚུལ་མཐུན་བྱས་ཏེ་ཚོགས་ཆོས་ར་དང་། དཔེ་ཁྲིད་སོགས་ལ་ཆགས་མེད་ཀྱིས་ཕེབས་མཁན་ཞིག་ཡིན་འདུག་ལ། ལྷག་པར་དུ་ཀུན་སྤྱོད་ཀྱི་ཐད་ནས་གཞན་གྱི་མིག་དཔེར་འོས་པ་ཞིག་ཡིན་འདུག དེང་སྐབས་ཤུལ་ལུས་ནང་མི་སྤུན་མཆེད་ཚང་མའི་ཁ་པར་དང་འགྲོ་འདུག་སོགས་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཅིང་། སྤུན་ཆུང་བ་གྲྭ་བློ་བཟང་སངས་རྒྱས་ཉིན་ཤས་རིང་བཀག་ཉར་ཡང་བྱས་ཡོད་འདུག  རྒྱ་གཞུང་གི་དམ་དྲག་འོག་ནས་གནས་ཚུལ་འདི་ཞིབ་ཕྲ་ཟླ་འདིའི་ཚེས་༡༣ ཉིན་གཞི་ནས་ཤེས་རྟོགས་བྱུང་ཡོད།

དེ་ལྟར་ན་ཕྱི་ལོ་༢༠༠༩ ནས་༢༠༡༣  ཟླ ༢ ཚེས ༣  བར་ང་ཚོས་ཤེས་རྟོགས་གསལ་པོ་བྱུང་བ་བོད་ནང་དུ་རང་ལུས་མེར་སྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་༡༠༠ དང་སྐུ་གཤེགས་པ་མི་གྲངས་ ༨༤  ཆགས་ཡོད། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་ལ། དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་ནས་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད།  བོད་ནང་རང་ལུས་མེར་སྲེག་གི་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་ད་ལྟའི་སྐབས་གྲངས་བརྒྱ་ཕྲག་གཅིག་ཟིན་ཡོད་རུང་། རྒྱ་ནག་གཞུང་གིས་ད་དུང་ཡང་སྡིག་པ་མིག་བཙུམ་གྱིས། ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༤ ཉིན་བོད་ཀྱི་ས་གནས་གང་སར་རང་ལུས་མེར་སྲེག་གི་གནད་དོན་ལ་དམིགས་ནས་འཁྱོག་བཤད་དང་དངོས་ཡོད་མ་ཡིན་པའི་༼དོན་ཚན་ལྔ་༽ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་པ་དེ་དང་། ཡང་ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་སྲེག་དང་འབྲེལ་བའི་༼དོན་ཚན་བདུན་༽ཅན་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཡང་ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣ ཉིན་དབུས་གཞུང་གི་ཁྱབ་བསྒྲགས་ཡིག་ཆ་ནང་རང་ལུས་མེར་སྲེག་གི་ཆེད་དུ་རྩ་འཛུགས་དང་ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན། རང་ལུས་མེར་སྲེག་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློང་བ། མེར་སྲེག་བརྒྱུད་སྐུལ་བྱེད་མཁན་མི་གསོད་ནག་ཉེས་ཀྱི་ཁྲིམས་ཐོག་སྦྱར་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་ལྟར། རང་ལུས་མེར་སྲེག་གི་ངན་ཁག་གཞན་ལ་དཀྲིས་ཐབས་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་སོགས་དང་འགལ་བའི་ཁྲིམས་གཞི་སྣ་ཚོགས་གང་དྲན་དྲན་གྱིས་དྲིལ་བསྒྲགས་བྱས་ཏེ། བོད་མི་རྣམས་ལ་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱི་བཙོན་འཇུག མནར་གཅོད། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཐབས། དགེ་འདུན་པ་རྣམས་དགོན་པ་ནས་ཕྱིར་ཕུད་བྱས་པ། བོད་མི་རྣམས་ལ་འཇིགས་སྐུལ་གྱིས་གནས་ཚུལ་རྫུན་སྒྲིག་གི་ཁྱབ་བསྒྲགས་བྱེད་བཅུག་དང་འཇུག་བཞིན་པ་ཡིན།

རྒྱ་གཞུང་གིས་ཁྲིམས་གཞི་རྫུན་མ་དེར་ཁ་གཡར་ནས། ཕྱི་ལོ་༢༠༡༣  ཟླ ༡  ཚེས༣༡ ཉིན།  སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབྲིང་རིམ་དམངས་ཁྲིམས་ཁང་ཟེར་བས་རྔ་པའི་བློ་བཟང་དཀོན་མཆོག་དང་།  བློ་བཟང་ཚེ་རིང་གཉིས་ལ་མི་བསད་པའི་ཉེས་འཛུགས་འོག བློ་བཟང་དཀོན་མཆོག་ལ་སྲོག་ཁྲིམས་བཅད་དེ་ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ཚེ་གང་བོར་འཕྲོག་རྒྱུ། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཡི་དུས་བཀག་བཙོན་འཇུག་བྱས་ཡོད། དེ་བཞིན་བླ་བྲང་དང་མཚོ་སྔོན་ཁུལ་སོགས་སུ་འཇུ་བཟུང་དང་བཙོན་འཇུག་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད། རང་ལུས་མེར་སྲེག་དེ་ཆོས་དང་འགལ་བ་ཡིན་ཚུལ་དྲིལ་བསྒྲགས་ཀྱི་ཆེད་དུ། ཟླ་༡ ཚེས་༡༦ ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཟེར་བས་བཙན་སྐུལ་གྱིས་༼ནང་པའི་ཚེ་སྲོག་གི་ལྟ་བ་བགྲོ་གླེང་ཚོགས་འདུ་༽ཞེས་པ་བསྐངས་ཏེ། ༼བྱམས་སྙིང་རྗེའི་བསམ་པ་བཅངས་ནས་ཚེ་སྲོག་ལ་གཅེས་འཛིན་བྱེད་དགོས་༽ཟེར་བ་སོགས། ཆོས་བྱེད་མི་སྣ་རྣམས་ལ་ཆོས་དང་འགལ་བའི་རྫུན་དངའཁྱོག་བཤད། མི་རིགས་དབྱེན་དཀྲུག་བྱེད་བཅུག་ཡོད། ཡང་ཟླ་༡ ཚེས་༢༡ ཉིན་ཀན་ལྷོ་ཁུལ་དུ་༼རང་སྲེག་ཕར་རྒོལ་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་༽ཟེར་བའི་འཐུས་མི་ཚོས། ས་གནས་ཁག་གི་དགོན་པའི་གྲྭ་པ་ཚོར་དོ་དམ་བྱེད་དགོས་པ་དང་རྒྱ་ཡིག་སྦྱོང་དུ་བཅུག་དགོས་པ། དྲ་བླུག་སྤོ་ལོའི་གདང་བུ། ཕིང་ཕང་སྤོ་ལོའི་རྒྱག་སྟེགས། རྐང་རྩེད་སྤོ་ལོའི་རྒྱག་སྟེགས་སོགས་གང་མགྱོགས་མཁོ་སྤྲོད་བྱེད་འཆར་ཡོད་བཤད་པ་དེར་མཚོན་ན། དགོན་པ་རྒྱ་ཡིག་སྦྱང་སའི་སློབ་གྲྭར་སྒྱུར་འཆར་དང་དགེ་འདུན་པ་ཚོའི་བསླབ་པ་སློབ་གཉེར་ལ་བར་ཆད་གཏོང་བའི་ལས་འཆར་སྒྲིག་པ་ཞིག་ཡིན། དེ་བཞིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དང་བླ་བྲང་བསང་ཆུ་རྫོང་། རྨ་ལྷོ་རེབ་གོང་། མཚོ་སྔོན། ཁམས་བྲག་འགོ་སོགས་སུ་གནས་ཚུལ་སྣ་ཚོགས་ལ་ཁ་གཡར་ནས་བོད་མི་རྣམས་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད། ཟླ ༢   ཚེས ༧ ཉིན་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ། མཚོ་སྔོན་ཉེན་རྟོག་པས་རྨ་ལྷོ་ཁུལ་གྱི་རང་བསྲེགས་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་༧༠ འཛིན་བཟུང་བྱས་ལུགས་བརྗོད་པ་དང་། དེའི་ནང་མི་གྲངས་ ༥༢ ལ་དྲག་སྡོམ་འདྲི་གཅོད་དངོས་སུ་ལག་བསྟར་དང་། མི་གྲངས་ ༡༢ ལ་དངོས་སུ་འཛིན་བཟུང་ཁྲིམས་གཅོད་བྱ་གཏན་འཁེལ་ཡོད་ཅེས་སོགས་ཁྱབ་བསྒྲགས་བྱས་ཡོད།

རྒྱལ་གཅེས་དཔའ་བོ་བློ་བཟང་རྣམ་རྒྱལ་ཁོང་ནི། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་ཐད་དྲིལ་བསྒྲྲགས་སྣ་ཚོགས་དང་བཙོན་འཇུག་བཀག་ཉར་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས་རང་སྲེག་གནང་བ་ཞིག་ཡིན་པས། རྒྱ་གཞུང་གི་འཁྱོག་བཤད་དང་ལྐོག་རྔན་སྤྲོད་ཐབས། མི་མང་བསླུ་ཐབས། དྲིལ་བསྒྲགས་སྣ་མང་ཅན་དེས་དུས་ནམ་ཡང་བོད་མི་ཚོ་བསླུ་མི་ཐུབ་པའི་རྟགས་མཚན་གསལ་པོ་ཆགས་ཡོད་པས། རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་ལོ་གསར་པ་འདིའི་ནང་རྣམ་དཔྱོད་གསར་པ་ཞིག་བཏོན་ནས། བོད་མི་ཚོས་རང་ལུས་མེར་སྲེག་བྱས་པའི་རྒྱུ་མཚན་དང་རྒྱབ་ལྗོངས། ཁོང་ཚོའི་དབུགས་ཀྱི་རྒྱུ་བ་ཆད་ལ་ཉེ་བའི་སྐབས། ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེེས་པར་དུ་ཞིབ་འཇུག་བྱས་ཏེ་བོད་མི་ཚོའི་དཀའ་ངལ་སེལ་བའི་ཐབས་ལམ་འཚོལ་དགོས། དེ་ལས་ལྡོག་སྟེ་རྒྱུན་ལྡན་བཞིན་ངན་ཁག་ཡོངས་རྫོགས་གཞན་དཀྲིས་བྱས་ཏེ་བསྡད་ན། བོད་ཆོལ་ཁ་གསུམ་ཡོངས་རྫོགས་མེ་ཡིས་འཚིགས་སྲིད་པས་དེ་དུས་རི་ལུག་ཀྱང་ཐག་པས་མི་འདུམ་ཟེར་བའི་དཔེ་དེ་རྒྱ་གཞུང་ལ་མངོན་དུ་གྱུར་ངེས་ཡིན།

 


 

བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།

བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་རང་ལུས་མེར་བསྲེགས་གནང་བའི་རྣམ་པ།གཞན་ཡང་། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་ན་གཞོན་ཞིག་གིས་ཀྱང་། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོག་ཅེས་སྐད་འབོད་བརྒྱབ་སྟེ། རྒྱ་གཞུང་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་གནང་སྟེ་སྐུ་གྲོངས་ཡོད་འདུག་པ་བཅས། གང་ལྟར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་དོན་ནི། ༧གོང་ས་མཆོག་བོད་དུ་ཕེབས་ཐུབ་ཐབས་དང་བོད་མི་རྣམས་ལ་རང་དབང་ཐོབ་ཆེད་དུ་ཡིན་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། སྤྱི་ཚོགས་ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས། བོད་ཕྱི་ནང་གཉིས་ནང་རང་ལུས་མེར་སྲེག་གནང་བཞིན་པ་འདིའི་དགོས་དོན་དང་རྒྱབ་ལྗོངས། རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མ་ལ་ཐེར་འདོན་ངེས་པར་དུ་བྱེད་དགོས་ཞེས་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༤ ཉིན།།

Menu