རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

རྒྱལ་གཅེས་དཔའ་བོ་དཀོན་མཆོག་བསྟན་འཛིན་ལགས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་བསྟན་འཛིན་ལགས།

ཕྱི་ལོ་༢༠༡༣ ཟླ་༣ ཚེས་༢༦ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༧ པ་ཙམ་ལ། རང་ལོ་ ༢༨ ལ་སོན་པ་བོད་མདོ་སྨད་ཀླུ་ཆུ་རྫོང་རྨོག་རི་དགོན་པའི་གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་དང་ཕྱོགས་སུ་ལྷུང་བའི་སྲིད་བྱུས་ལ་ངོ་རྒོལ་ཆེད་རྨོག་རི་དགོན་པའི་ཉེ་འདབས་ཀྱི་(འདན་ལུང་མདོ་)སུམ་མདོའི་ལམ་ཆེན་ནས་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ་དང་། ཁོང་གི་སྐུ་ཕུང་ཡར་དགོན་ནང་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། རྒྱ་གཞུང་གིས་བཙན་ཕྲོག་བྱེད་པར་དོགས་ནས་མཚན་མོ་དེ་རང་ལ་ཞུགས་འབུལ་བྱས་ཡོད་འདུག གནས་ཚུལ་དེ་བྱུང་རྗེས་རྨོག་རི་དགོན་པ་དང་ཉེ་འདབས་ཀྱི་གྲོང་པ་ཁག་ཚང་མར་ཉེན་རྟོག་པ་མང་པོ་འགྲེམས་འཇོག་གིས་དམ་དྲག་ནན་མོ་བྱས་ཡོད་འདུག འདི་ནི་ཀླུ་ཆུ་རྫོང་ཁོངས་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་གནང་མཁན་དྲུག་པ་དེ་ཡིན་ཞིང་། དེ་སྔོན་རང་ལུས་མེར་སྲེག་གནང་མཁན་ཚང་མ་སྐུ་གྲོངས་ཚར་ཡོད་འདུག རྒྱལ་གཅེས་དཔའ་བོ་ཁོང་ནི་ཀླུ་ཆུ་རྫོང་ཟམ་ཚ་ཡུལ་ཚོའི་རྨོག་རི་སྡེ་བའི་ཕ་ལྷ་ཁོ་དང་མ་ལྷ་མོ་འཚོ་གཉིས་ཀྱི་བུ་ཡིན་ཞིང་། ཁོང་ལ་ཕ་གཅིག་པའི་མིང་སྲིང་བདུན་ཡོད་པའི་ནང་གི་ཆུང་ཤོས་དེ་ཡིན་འདུག་པ་དང་། ཆུང་ཆུང་སྐབས་ནས་རྨོག་རི་དགོན་པར་ཆོས་ཞུགས་བྱས་ཏེ་དགོན་པའི་འཆར་ཅན་གྱི་ཆོ་ག་ཕྱག་ལེན་དང་། འདོན་པ་བློ་འཛིན་སོགས་ཀྱི་རིམ་པ་ཚང་མ་མཐར་ཕྱིན་ཏེ། དེང་སྐབས་ཐུན་མོང་བའི་རིག་གནས་དང་ནང་དོན་རིག་པ་སོགས་ལ་སློབ་སྦྱོང་གནང་མུས་ཡིན་འདུག

རྨོག་རི་དགོན་པ།རྨོག་རི་དགོན་པ།གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྗེས་ཀྱི་རྣམ་པ།གྲྭ་དཀོན་མཆོག་བསྟན་འཛིན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བའི་རྗེས་ཀྱི་རྣམ་པ།

དེ་ཡང་ཟླ་འདིའི་ཚེས་ ༢༤ ཉིན་རང་ལུས་མེར་སྲེག་གནང་མཁན་བུད་མེད་སྐལ་སྐྱིད་ལགས་དང་། ཚེས་ ༢༥ རང་ལུས་མེར་སྲེག་གནང་མཁན་ལྷ་མོ་སྐྱབས་ལགས། ཚེས་ ༢༦ ཉིན་རང་ལུས་མེར་སྲེག་གནང་མཁན་དཀོན་མཆོག་བསྟན་འཛིན་ལགས། ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༦ ཉིན་བོད་མདོ་ཁམས་དར་མདོ་རྫོང་ལྷ་སྒང་ཤང་བྲག་མཁར་དགོན་པའི་སྤྲུལ་སྐུ་དགུང་ལོ་ ༤༥ ལ་སོན་པ་ཐུབ་བསྟན་སྙན་གྲགས་ལགས་དང་། ཁོང་གི་ཚ་མོ་རང་ལོ་ ༢༣ སོན་པ་བཙུན་མ་ཨ་ཚེ་རྣམ་གཉིས་ཀྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་སུ་གྱུར་པ་གསར་བསྣན་གྱིས། ཕྱི་ལོ་༢༠༠༩།༢།༢༧ ནས་ ༢༠༡༣།༣།༢༦ བར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཤེས་རྟོགས་གསལ་པོ་བྱུང་བ། བོད་ནང་རང་ལུས་མེར་སྲེག་གནང་མཁན་ ༡༡༤ དང་འདས་གྲོངས་སུ་གྱུར་པ་གྲངས་ ༩༦ ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས། རང་ལུས་མེར་སྲེག་ཐད་གསར་འགོད་བསྒྲགས་གཏམ་སོགས་རིམ་པ་བྱས་ཡོད་པའི་ནང་། བོད་ནང་རང་ལུས་མེར་སྲེག་དེ་ལྟར་ཕོན་ཆེན་བྱུང་དོན་ནི། རྒྱ་ནག་གཞུང་གིས་བོད་ཡུལ་བཙན་བཟུང་བྱས་པ་ནས། བོད་ཡུལ་དང་བོད་མི་རིགས། ཆོས་དང་སྐད་ཡིག གོམས་གཤིས་དང་ཡུལ་སྲོལ་སོགས་རྩ་མེད་དང་བཏང་བའི་མཁྲེགས་འཛིན་གྱི་སྲིད་བྱུས་ལས་བྱུང་བ་ཡིན་པ་བསྒྲགས་ཡོད་ལ་ད་དུང་ཡང་ནན་བརྗོད་བྱེད་རྒྱུ་ཡིན།


རྒྱ་ནག་གཞུང་གིས། བོད་ནང་རང་ལུས་མེར་སྲེག་ནམ་བྱུང་ཚེ་དང་ཐོག་རྩ་བ་ནས་སྦས་ཐབས་བྱེད་ཀྱི་ཡོད་པ་དང་། དེ་མ་བྱུང་ན་ནང་མི་དང་ཉེ་འབྲེལ་ལ་སྡིག་སྐུལ་དང་ལྐོག་རྔན་སྤྲོད་ཐབས་ཀྱིས་གནས་ཚུལ་ཕྱིར་བསྒྲགས་མ་འགྲོ་བར་ཐབས་ཤེས་བྱེད་ཀྱི་ཡོད། དེ་མ་བྱུང་ན་ཕྱི་ཕྱོགས་སུ་ཡོད་པའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་སྒྲིག་འཛུགས། བོད་དོན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་སྲིད་གཞུང་ཁག་གིས་རང་ལུས་མེར་སྲེག་ལ་སྐུལ་སློང་བྱེད་ཀྱི་ཡོད་པའི་དྲིལ་བསྒྲགས་ལོག་པ་བྱེད་ཀྱི་ཡོད། དེ་ནས་རིམ་གྱིས་རང་ལུས་མེར་སྲེག་གནང་མཁན་ལ་སྐུལ་སློང་བྱེད་མཁན་དོགས་ཡོད་ཉེས་ཅན་པ་ཟེར་ནས། དཔང་རྟགས་དང་བདེན་དཔང་གང་ཡང་མེད་པའི་ཐོག་ནས་བོད་མི་མང་པོ་སྡེབ་བཟུང་གིས་སྲོག་ཁྲིམས་དང་ལོ་གྲངས་རྒྱས་བཅད་ཀྱིས་ཁྲིམས་ཐག་གཅོད་བཞིན་ཡོད། རྒྱ་གཞུང་གིས་བོད་མི་ཚོས་རང་ལུས་མེར་སྲེག་གནང་དོན་ལ་ཞིབ་འཇུག་བྱས་ཏེ།  བོད་མི་མང་གི་བསམ་ཚུལ་མཚོན་པའི་མཐུན་ཕྱོགས་ཀྱི་སྐད་ཆ་ཚིག་འབྲུ་གཅིག་ཀྱང་བཤད་མྱོང་མེད་ལ། དེ་ལས་ལྡོག་སྟེ་ཕྱི་ཕྱོགས་ཁོ་ན་ལ་ངན་ཁག་དཀྲིས་ཐབས་བྱས་པ་ནི་ནམ་ཡང་ངོས་ལེན་བྱེད་ཐབས་མེད།

ད་དུང་ནན་བརྗོད་བྱེད་དགོས་པ་ཞིག་ལ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ལྔ་པའི་ཐོག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་དོན་ཚན་གསུམ་ཅན་ཞིག་བཞག་ཡོད་པའི་ནང་། བོད་མི་ཚོས་རང་ལུས་མེར་སྲེག་བྱེད་དགོས་དོན་དང་ཁོང་ཚོའི་ངོ་རྒོལ་དང་རེ་འདུན་གྱི་འབོད་ཚིག ཞལ་ཆེམས་བཞག་པ་ཁག་ལ་ངེས་པར་དུ་ཞིབ་འཇུག་བྱས་ཏེ་དཀའ་རྙོག་སེལ་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་སྲིད་གཞུང་ཁག་གི་གྲོས་ཆོད་ཡིག་ཐོག་ཙམ་དུ་མིན་པ། རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་བོད་དུ་གཏོང་ཐབས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ནས་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚོགས་སྐྱོང་ཡོང་བའི་འབོད་སྐུལ་ཞུས་ཡོད་པ་བཞིན། ད་ཐེངས་ཀྱི་གསར་འགོད་བསྒྲགས་གཏམ་འདི་དང་འབྲེལ་ནས་ལག་བསྟར་ཡོང་བའི་རེ་སྐུལ་ནན་མོ་ཞུ་རྒྱུ་ཡིན།

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༢༩ ཉིན།།

 

Menu