རྒྱལ་གཅེས་དཔའ་བོ་གྲྭ་དཀོན་མཆོག་འཕེལ་རྒྱས་ལགས་དང། མི་སྐྱ་པདྨ་རྡོ་རྗེ་ལགས། བུ་མོ་བན་ཆེན་སྐྱིད་ལགས་བཅས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་པ་དང། རྒྱ་གཞུང་གིས་བོད་མི་མང་པོ་འཛིན་བཟུང་བཙོན་བཀག་བྱེད་བཞིན་པའི་སྐོར།

 

ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༨ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༥།༢༠ ཐོག་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་མཛོད་དགེ་རྫོང་འབྲིང་བའི་སུམ་མདོ་དགོན་གྱི་རང་ལོ་ ༢༤ ཡིན་པའི་གྲྭ་དཀོན་མཆོག་འཕེལ་རྒྱས་ལགས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ཚོགས་ཆེན་འདུ་ཁང་མདུན་དུ་ “༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ལ་གདན་འདྲེན་ཞུ་དགོས། ཀིརྟི་སྐྱབས་མགོན་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་གཞིས་བྱེས་ལྷན་འཛོམས་ཡོང་དགོས” ཞེས་པའི་འབོད་ཚིག་སྒྲོག་བཞིན་ལག་གཉིས་ཐལ་མོ་སྦྱར་ནས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྟེ་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་པའི་རྣམ་པ།ས་གནས་དགེ་འདུན་པ་ཚོས་སྨོན་ལམ་འདོན་བཞིན་པ།

དེ་ཡང་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་ལགས་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལ་གཞིགས་ན། ཁོང་གིས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་དེར་མཐའ་འཁོར་དུ་གྲྭ་མང་གིས་བསྐོར་ནས་རྒྱལ་གཅེས་དཔའ་བོ་ཁོང་གི་མིང་ནས་བཟུང་སྟེ་སྐད་ཤུགས་ཆེན་པོས་འབོད་བརྡ་བཏང་ཞིང་། དེ་བཞིན་གྲྭ་མང་གིས་ “བློ་བཟང་རྒྱལ་བ་ཀུན་གྱི་སྙིང་རྗེའི་གཏེར།། གངས་ཅན་བསྟན་འཛིན་ཀུན་གྱི་གཙུག་གི་རྒྱན། འཇིགས་མེད་ཡེ་ཤེས་རྒྱལ་བ་རྒྱ་མཚོའི་སྡེ།། བླ་མ་སྤྱན་རས་གཟིགས་ཀྱིས་རྗེས་བཟུང་ནས།། གནས་སྐབས་མཐར་ཐུག་བསམ་དོན་ལྷུན་འགྲུབ་ཤོག” ཅེས་པ་སྐད་ཤུགས་ཆེན་པོས་འུར་འདོན་གནང་ཡོད་འདུག་ཅིང། དེ་རྗེས་ཁོང་གི་སྐུ་ཕུང་ཁོང་རང་གི་གྲྭ་ཤག་ཏུ་གདན་དྲངས་ཏེ་གྲྭ་མང་བརྒྱ་ཕྲག་མང་པོས་སྨོན་ལམ་གསུངས་དང་གསུང་མུས་ཡིན་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་འཕེལ་རྒྱས་ལགས་ནི་མཛོད་དགེ་རྫོང་འབྲིང་བ་ཞང་གོས་བརྡ་སྡེ་བའི་ཕ་དཀོན་མཆོག་སྐྱབས་དང་མ་སྒྲོལ་མ་མཚོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ལ་ཕ་མ་གཉིས་དང་སྤུན་སྲིང་སོགས་ནང་མི་དགུ་ཡོད་འདུག་ཅིང། ཁོང་ཆུང་ཆུང་སྐབས་ནས་འབྲིང་བའི་སུམ་མདོ་དགོན་དུ་ཆོས་ཞུགས་བྱས་ཏེ། ཕྱི་ལོ་ ༢༠༡༠ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པར་དཔེ་ཆ་ལྟ་རུ་ཡོང་ནས་མཚན་ཉིད་ཀྱི་འཛིན་གྲྭ་ཁ་དོག་གོང་མའི་ནང་དུ་སྒྲིག་ཞུགས་ཀྱིས་མཚན་ཉིད་ཀྱི་གཞུང་ལ་སློབ་སྦྱོང་གནང་མུས་ཡིན་འདུག

ཡང་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༨ དགའ་ལྡན་ལྔ་མཆོད་ཆེན་མོའི་ཉིན་གྱི་ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༤ ཡས་མས་ལ། བོད་མདོ་སྨད་ཀླུ་ཚུ་རྫོང་ཤིས་ཚང་ཚོ་བ་བཅུ་གཉིས་ཀྱི་ནང་ཚན། ཆོས་འཁོར་སྡེ་བའི་རང་ལོ་ ༢༣ ཡིན་པའི་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས། མདོ་སྨད་ཀླུ་ཆུའི་ཤིས་ཚང་དགོན་པའི་འདུ་ཁང་མདུན་ཐང་དུ། རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས། བོད་ཀྱི་ས་ཆ་བོད་མིས་བདག་པོ་རྒྱག་དགོས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་སྐུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས།རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བཞྀན་པའི་རྣམ་པ།

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས་སྗུ་ཕུང་།

དེ་ཡང་སུད་སིར་གནས་བཞུགས་བསོད་ནམས་ལགས་དང།  ཕ་ཡུལ་ཀླུ་ཆུ་བ་ཁག་ཅིག་གིས་ཞིབ་ཕྲའི་གནས་ཚུལ་བཏང་འབྱོར་ལ་གཞིགས་ན། ཕྱི་ཚེས་ ༨ ཉིན་རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱིས་ཁོང་གི་སྐྱེས་ཡུལ་ཆོས་འཁོར་སྡེ་བ་ནས་སྤྱི་ལེ་༣༠ ལྷག་གི་སར་ཡོད་པའི་ཤིས་ཚང་དགོན་པར་ཡོང་སྟེ། དགོན་པའི་མདུན་ཐད་ཀྱི་རྩྭ་རའི་ནང་ནས་མེར་བསྲེགས་གྲ་སྒྲིག་གིས་ཁོ་རང་ངོ་རྟགས་ཆོད་སླད། ཁོང་གི་འདྲ་པར་ཞིག་དང་ཐོབ་ཐང་ལག་འཁྱེར་གཉིས་འཕྲུལ་རྟའི་སྟེང་དུ་བཞག་འདུག་པ་དང། དེ་ནས་འདུ་ཁང་གི་མདུན་ཐང་དུ་ཡོང་སྟེ་སྐད་ཤུགས་ཆེན་པོས་ “ལྷ་རྒྱལ་ལོ། ༧རྒྱལ་དབང་ཐམས་ཅད་མཁྱེན་པ་བོད་ནང་མྱུར་དུ་ཕེབས་དགོས” ཞེས་སྐད་འབོད་བྱས་ཏེ་རང་ལུས་མེར་བསྲེགས་བཏང་འདུག

སྐབས་དེར་ཤིས་ཚང་དགོན་པའི་འདུ་ཁང་དུ་གྲྭ་མང་ཚོགས་འཚོགས་བཞིན་པའི་སྐབས་སུ་འཁེལ་ཡོད་ཅིང་། ཚོགས་གྲོལ་དུས་ཁོང་ཐང་ལ་འགྱེལ་ཡོད་ཀྱང་། ད་དུང་ལུས་སྟེང་དུ་མེ་དམར་ལམ་ལམ་འབར་བཞིན་ཡོད་སྟབས། གྲྭ་མང་གིས་དེ་མ་ཐག་སྨོན་ལམ་གསུངས་ཏེ། ཁོང་གི་སྐུ་ཕུང་སྐྱེས་ཡུལ་ཆོས་འཁོར་སྡེ་བར་གདན་དྲངས་ཡོད་པ་དང།  གནས་ཚུལ་དེ་བྱུང་རྗེས་ས་གནས་དེར་རྒྱ་གཞུང་གིས་དམ་དྲག་ཆེན་པོ་བྱེད་ཀྱིན་ཡོད་འདུག

རྒྱལ་གཅེས་དཔའ་བོ་པདྨ་རྡོ་རྗེ་ལགས་ཀྱི་ཕའི་མིང་ལ་ཨོ་རྒྱན་སྐྱབས་དང་། མའི་མིང་ལ་ཚེ་གཟུངས་མཚོ་ཟེར་གྱི་ཡོད་ཅིང། ཁོང་ཅག་གི་འཚོ་ཐབས་ནི་ཞིང་པ་ཡིན་འདུག

 

ཡང་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༩ བོད་ནང་གི་དགོང་དྲོའི་ཆུ་ཚོད་ ༨ པ་ཡས་མས་ལ། བོད་མདོ་སྨད་རེབ་གོང་རྩེ་ཁོག་རྫོང་རྡོ་དཀར་མོ་ཡུལ་ཚོའི་འབྲོག་སྡེའི་རང་ལོ་ ༡༧ ཅན་གྱི་རྒྱལ་གཅེས་དཔའ་མོ་བན་ཆེན་སྐྱིད་ཀྱིས་ “༧རྒྱལ་བ་རིན་པོ་ཆེ་ཁྲི་ལོ་བརྟན་པར་ཤོག བོད་མི་མང་ཁྲི་ལོ་བརྟན་པར་ཤོག”ཅེས་སོགས་ཀྱི་སྐད་འབོད་རྒྱག་བཞིན་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་བཏང་སྟེ་སྐུ་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་སུད་སིར་གནས་བཞུགས་ཤ་བོ་རྡོ་རྗེ་ལགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་བྱས་པར་གཞིགས་ན། ཁོང་མོས་མེར་བསྲེགས་མ་བཏང་སྔོན་ལ་མོ་རང་གི་གྲོགས་མོ་ཞིག་ལ། “ངས་བོད་པའི་ལ་རྒྱའི་ཆེད་དུ་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན། ཞང་ཐོག་ཏུ་སོང་ནས་སྲིད་གཞུང་སྒོ་ཁ་ནས་མེར་བསྲེགས་བཏང་ན། ངའི་ཕུང་པོ་ཕ་མའི་ལག་ཏུ་རག་རྒྱུ་མ་རེད། ད་ངས་འབྲོག་ས་རང་ནས་མེར་བསྲེགས་གཏོང་རྒྱུ་ཡིན” ཞེས་བརྗོད་ཡོད་འདུག

བསོད་ནམས་ཀྱིས་གློག་འཕྲིན་བརྒྱུད་གནས་ཚུལ་འགྲེལ་བརྗོད་གནང་བར་ལྟར་ན། རྒྱལ་གཅེས་དཔའ་མོ་ཁོང་རང་ལུས་མེར་བསྲེགས་གནང་རྗེས། མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢།༡༥ ཐོག་མེར་བསྲེགས་གཏོང་ཡུལ་དེར་ས་གནས་མང་ཚོགས་ཕོན་ཆེན་འདུ་འཛོམས་ཀྱིས་༧གོང་ས་མཆོག་གི་ཞབས་བརྟན་གསོལ་འདེབས་དབྱིངས་ལ་གྱུར་བཞིན་ཁོང་མོའི་ཕུང་པོ་ཞུགས་འབུལ་གནང་ཡོད་འདུག་ཀྱང། སྐབས་དེར་རྒྱ་ནག་གི་དམག་མི་རླངས་འཁོར་ ༢ འབྱོར་ཏེ། དེ་གར་འཛོམས་པའི་སེར་སྐྱ་མི་མང་རྣམས་བཙན་དབང་གིས་རང་སར་ལོག་བཅུག་འདུག་པ་དང་། རང་འགུལ་གྱིས་འདས་མཆོད་སྒྲུབ་པར་ཕེབས་པའི་དགེ་འདུན་པ་རྣམས་ཀྱང་འདས་མཆོད་སྒྲུབ་མ་བཅུག་པར་བཙན་དབང་གིས་ཕྱིར་ལོག་བྱས་པས་མང་ཚོགས་ཀྱི་སྐད་འབོད་རྒྱག་གི་ཡོད་པ་སོགས་གནས་ཚུལ་ཛ་དྲག་ཆགས་ཀྱིན་ཡོད་འདུག

རྒྱལ་གཅེས་དཔའ་མོ་བན་ཆེན་སྐྱིད་ལགས་ནི་རྩེ་ཁོག་རྫོང་སློབ་གྲྭའི་དམའ་འབྲིང་གི་ལོ་རིམ་དང་པོའི་༼འཛིན་རིམ་བདུན་པ༽ སློབ་མ་ཡིན་འདུག་ཅིང། རྒྱུན་དུ་ཀུན་སྤྱོད་བཟང་ཞིང་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བ།  ༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་དད་གུས་ཧ་ཅང་ཆེ་བའི་ཁར་བོད་མིའི་བདེ་སྡུག་དང་ཕྱི་ལོག་གི་གནས་ཚུལ་རིགས་ལ་དོ་སྣང་ཡོད་མཁན་ཞིག་རེད་འདུག རྒྱལ་གཅེས་དཔའ་མོ་ཁོང་གི་ཕའི་མིང་ལ་བསོད་ནམས་ཚེ་རིང་དང། མ་མིང་ལ་གསེར་མོ། སྤུན་མཆེད་གཉིས་ཡོད་པ་ལས་མོ་རང་འབྲིང་བ་དེ་ཡིན་འདུག

དེ་ལྟར་ན།   ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༣ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དངོས་ར་གསལ་འཕྲོད་བྱུང་བ་གྲངས་ ༩༥ བྱུང་བ་དང།   དེའི་ནང་དུ་འདས་གྲོངས་སུ་གྱུར་བ་མི་གྲངས་ ༨༠ བྱུང་ཡོད།

དེས་ན་རྒྱ་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་རྣམས་ཀྱི་མངོན་འདོད་དང་རེ་འབོད་ལ་ཡ་ལན་སྤུ་ཙམ་མེད་པར། དེ་ལས་ལྡོག་སྟེ་ཕྱོགས་གཅིག་ནས་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱི་ནང་མིར་རོགས་སྐྱོར་མི་ཆོག་པའི་སྲིད་བྱུས་གཏན་འབེབས་བྱས་པ་དང། ཡང་ཕྱོགས་གཞན་ཞིག་ནས་རང་ལུས་མེར་བསྲེགས་གཏོང་མཁན་གྱི་ནང་མིར་དངུལ་ལོའི་བསླུ་བྲིད་ཀྱིས་དཔང་རྟགས་རྫུན་མ་བཟོ་རྒྱུའི་འཆར་གཞི་བཏིང་བ། སློབ་གྲྭ་ཁག་ཏུ་རྫུན་མའི་ཁྱབ་བསྒྲགས་སྤེལ་བ། ལྷག་པར་དུ་རྒྱ་ནག་ཆེས་མཐོའི་ཁྲིམས་ཁང་ཟེར་བ་དང། ཆེས་མཐོའི་མི་མང་ཞིབ་དཔྱོད་ཁང། དབུས་སྤྱི་བདེ་ལས་ཁུངས་བཅས་ནས་མཉམ་འབྲེལ་ཐོག་བོད་ཁུལ་གྱི་རང་བསྲེགས་གྱོད་དོན་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་ཁྱབ་བསྒྲགས་བྱས་ཏེ། རང་ལུས་མེར་བསྲེགསཀྱི་བྱ་སྤྱོད་འདི་ཁྲིམས་འགལ་ཉེས་བསགས་ཀྱི་བྱ་སྤྱོད་ཡིན་ལུགས་དང། དེར་རྩ་འཛུགས་དང་བྱུས་འགོད། ངན་བསྐུལ་བྱེད་མཁན་བཅས་ལ་མི་གསོད་པའི་ཁྲིམས་ལྟར་རྡུང་རྡེང་བྱ་ཡུལ་གཙོ་བོར་བཟུང་སྟེ་ཁྲིམས་ཆད་དྲག་པོ་གཅོད་རྒྱུའི་འཇིགས་བསྐུལ་བྱས་པ་མ་ཟད། མི་མང་མཉམ་རུབ་ཀྱིས་རང་སྲེག་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ་དང། དེའི་དོན་དུ་ཞལ་འདེབས་ཕུལ་བ་སོགས་ཀྱང་ཁྲིམས་ལྟར་བཀག་འགོག་བྱ་རྒྱུ་ཡིན་ལུགས་བསྒྲགས་པ་དང།

ཕྱི་ཟླ་ ༡༢ ཚེས་ ༧ ཉིན་མཚོ་སྔོན་ཞིང་ཆེན་ཟེར་བས་དམར་ཤོག་རྒྱུན་ལས་ཚོགས་འདུ་བསྐོངས་ཏེ་རང་ལུས་མེར་བསྲེགས་གཏོང་བ་དང་བརྒྱུད་བསྐུལ་བྱེད་པའི་བྱ་སྤྱོད་ལ་རྩད་གཅོད་དང་རྡུང་རྡེག་ནན་མོ་གཏོང་དགོས་པའི་སྲིད་བྱུས་གཏན་འབེབས་བྱས་ཏེ། རང་ལུས་མེར་བསྲེགས་བཏང་བའི་དོགས་གཞི་དང་འབྲེལ། ཕྱི་ཟླ ༡༢ ཚེས་ ༣ ཉིན་མདོ་སྨད་མགོ་ལོག་པདྨ་རྫོང་ནས་ཝ་ཤུལ་རྡོར་བྲུག་ལགས་འཛིན་བཟུང་བྱས་ཡོད་པ་དང་།

ཕྱི་ཟླ  ༡༢ ཚེས་ ༤ ཉིན་གྱི་དགོང་མོར་རང་ལོ་ ༤༥ ཡས་མས་ཡིན་པ་ལ་ལའི་ཆོས་སྐྱབས་ལགས་མགོ་ལོག་པདྨ་རྫོང་ཐོག་ནས་འཇུ་བཟུང་བྱས་པ།

ཡང་ཉེ་སྔོན་མཚོ་ལྷོ་ཁུལ་གྱི་སློབ་མའི་ཡར་ལངས་ཁྲོམ་སྐོར་གྱི་གནས་ཚུལ་དང་པར་རིས་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག  ཟླ་འདིའི་ཕྱི་ཚེས་  ༡ ཉིན་གྲྭ་གསུང་རབ་རྒྱ་མཚོ་ལགས་མཚོ་ལྷོ་ཁུལ་གྱི་སྲིད་འཛིན་ལྟེ་གནས་གྲོང་ཁྱེར་ཆབ་ཆ་ནས་ཉེན་རྟོག་དམག་མིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། ། ཕྱི་ཚེས་ ༣ ཉིན་གྲྭ་བཟང་གྲགས་དང་ཡེ་ཤེས་བཟང་པོ་གཉིས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པ།

ཕྱི་ཚེས་ ༩ ཉིན་གྱི་སྔ་དྲོར་མདོ་སྨད་རེབ་གོང་ཁུལ་ཐོག་གི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་མ་ ༡༨ ཙམ་ཁུལ་ཉེན་རྟོག་པས་གློ་བུར་དུ་འཛིན་བཟུང་བཙན་འཁྲིད་བྱས་པ།

ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་མདོ་སྨད་མཚོ་ལྷོ་ཁུལ་ཆབ་ཆ་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གསོ་རིག་སློབ་གླིང་གི་སློབ་མ་ཚོས་རྒྱ་གཞུང་གི་སྲིད་བྱུས་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར། གཞུང་གི་ཉེན་རྟོག་པ་དང་དམག་མིས་འཛིན་བཟུང་གཅར་རྡུང་ཚད་ལས་བརྒལ་བ་བཏང་ཡོད་པ་དང་། ཟླ་འདིའི་ཚེས་ ༥ ཉིན་སློབ་མ་རབ་བརྟན་དང་དབང་འདུས་ཚེ་རིང་། བྱམས་པ་ཚེ་རིང་། ཆོས་སྐྱོང་། བཀྲ་ཤིས་ཀུན་བཟང་། རྡོ་ལ་ཚེ་རིང་། སངས་རྒྱས་དོན་གྲུབ། ཀུན་བཟང་འབུམ་བཅས་ལ་རྒྱ་གཞུང་གིས་ལོ་ལྔའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད།

རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཐོག་ཁྲིམས་མེད་ལུགས་མེད་ཀྱིས་དྲག་གནོན་བཙུན་འཇུག་དང།  རྡུང་རྡེག་མནར་གཅོད་གཏོང་རྐྱང་གི་སྲིད་བྱུས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བློ་འཚབ་ཆེན་པོ་ཡོད་ཅིང། དེས་བོད་ནང་གི་ཛ་དྲག་གནས་སྟངས་ཞི་འཇམ་དུ་འགྲོ་བར་ཕན་ཐོག་གང་ཡང་མེད་པ་ངོན་འཛིན་གསལ་པོ་ཞུས་ཀྱིས་ཡོད། དེར་བརྟེན་རྒྱ་ནག་གཞུང་གིས་ད་དུང་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མ་བཏང་ན། བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་ལ།   ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་ཡ་ལན་བསམ་གཞིགས་གང་ཡང་བྱས་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་དོན་ཁྱབ་བསྒྲགས་ཞུ་བསྐུལ། བོད་མིར་གདུང་སེམས་མཉམ་བསྐྱེད་ཡོང་བའི་ལས་འགུལ་གཞི་རྒྱ་ཆེ་བ་མི་སྤེལ་ཀ་མེད་བཅས་ཀྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་ནན་ཀྱི་བརྗོད་རྒྱུ་དང།

རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

  • ༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་སྐུལ་ཞུ་རྒྱུ།
  • ༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།         བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༡༢ ཚེས་ ༡༡ ལ།།
Menu