རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དང། རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་འདས་གྲོངས་སུ་གྱུར་པ་སོགས་སྐོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ་ ༢༠༡༢ ཟླ ༡༢ ཚེས་ ༢ ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༣།༤༠ ཙམ་ལ། བོད་ཨ་མདོ་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་འབོ་ར་ཡུལ་ཚོ། བརྡར་མདོ་སྡེ་བའི་སྟག་མགོ་ཚང་གི་བུ་གཟུངས་འདུས་སྐྱབས་ལགས་འབོ་ར་དགོན་པའི་ཉེ་འཁྲིས་གཞུང་ལམ་སྟེང་དུ་རྒྱ་གཞུང་ལ་ངོ་རྒོལ་གནང་སྟེ་རང་ལུས་མེར་བསྲེགས་གནང་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

དེ་ཡང་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་གྲྭ་བསོད་ནམས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་ལ་གཞིགས་ན། གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བ་དང་མཉམ་དུ། རང་ཉིད་ཀྱིས་མགོ་བོ་རྩིག་ངོས་ལ་བརྡབས་ཏེ་ཁྲག་མང་པོ་འཐོན་བཞིན་ཡོད་འདུག་ལ། དེ་མ་ཐག་དུས་རྒྱུན་དགོན་པར་སྐོར་སྲུང་བྱེད་མཁན་དྲག་ཆས་ཉེན་རྟོག་པ་དང་དམག་མི་མང་པོ་སླེབས་ཏེ་ཁོང་ཀན་ལྷོ་ཁུལ་ཐོག་གི་མི་དམངས་སྨན་ཁང་དུ་འཁྱེར་ཡོད་པ་དང་། ད་ཆར་སྨན་ཁང་དེའི་ཕྱི་ནང་གང་སར་ཉེན་རྟོག་པ་དང་དམག་མིས་བསྐོར་ཏེ་ཕ་མ་སྤུན་སྤུན་མཆེད་སོགས་ནང་མི་སུ་གང་གིས་ཀྱང་ཐུག་འཕྲད་བྱེད་མ་ཐུབ་སྟབས། ད་ཆ་ཁོང་འཆི་གསོན་གྱི་གནས་ཚུལ་གང་ཡང་ཤེས་རྟོགས་དཀའ་བའི་གནས་སུ་ལྷུང་ཡང།  ས་གནས་མི་ཚོས་བརྗོད་ན་ཕལ་ཆེར་གསོན་པའི་རེ་བ་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱིན་ཡོད་འདུག

ཡང་གནས་ཚུལ་ཡོང་ཁུངས་ཁ་ཤས་ཀྱིས་བརྗོད་ན་འབོ་ར་དགོན་པའི་དགེ་མདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་འབོ་རའི་གཞུང་ལམ་སྒང་འཛོམས་ཏེ་གཟུངས་འདུས་སྐྱབས་ལ་སྨན་ཁང་དུ་བདག་སྐྱོང་བྱ་བར་འགྲོ་བའི་སྐད་འབོད་བྱས་པ་དང། ཉེན་རྟོག་པས་བཀག་འགོག་བྱས་པ་སོགས་ད་ལྟ་གནས་ཚུལ་ཛ་དྲག་ཆགས་བཞིན་ཡོད་པ་དང། རྒྱལ་གཅེས་དཔའ་བོ་ཁོང་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་འདི་ནི་སྤྱི་ཟླ་བཅུ་པའི་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་པའི་འབོ་ར་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་དང་གཅིག་མཚུངས་གཞུང་ལམ་དེའི་སྟེང་ཡིན་ཞིང། གཞུང་ལམ་དེ་ནི་རྨ་ཆུ་དང་ཀླུ་ཆུ། གཙོས། སྒྱུས་ཚང་། དགེ་ཤུལ། ཨ་མཆོག་ལ་སོགས་པར་འགྲོ་སའི་བཞི་མདོའི་ལམ་ཆེན་ཞིག་ཡིན་འདུག

རྒྱལ་གཅེས་དཔའ་བོ་གཟུངས་འདུས་སྐྱབས་ལགས་ནི་ད་ལྟ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་གི་མངའ་ཁོངས་རྡར་མདོ་སྡེ་བའི་མི་ཡིན་ཞིང། ཁོང་གི་ཕའི་མཚན་ལ་ཚེ་བྷ་དང་མའི་མཚན་ལ་བན་དེ་འཚོ་ཟེར་གྱི་ཡོད་པ་དང་། ཁོང་ལ་བཟའ་ཟླ་དང་བུ་ཆུང་ལོ་ན་གཉིས་ལ་མ་སོན་ཙམ་ཞིག་ཡོད་འདུག

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས།ཡང་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་བློ་བཟང་ཡེ་ཤེས་དང་ཀ་ཉག་ཚེ་རིང་གཉིས་ཀྱིས་གནས་ཚུལ་བཏང་འབྱོར་ལྟར་ན། ཕྱི་ཟླ་ ༡༡ པའི་ཚེས་ ༣༠ ཉིན་བོད་མདོ་སྨད་རྔ་པ་ཁུལ་མཛོད་དགེ་རྫོང་ཨ་སྐྱིད་ཞང་གཟའ་རུ་སྟོད་མའི་རུ་སར་ཁ་བའི་ཕུན་ཚོཊ་ཚང་གི་རང་ལོ་ ༢༩ ཡིན་པའི་བུ་དཀོན་མཆོག་སྐྱབས་ལཊ་ཀྱིས་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་རྗེས། རྒྱ་གཞུང་ཉེན་རྟོག་པས་དེ་མ་ཐག་འབར་ཁམས་སུ་འཁྱེར་ཏེ་ཞིབ་ཕྲའི་གནས་ཚུལ་ཤེས་མེད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་གྱི་དགོང་མོ་རྒྱལ་གཅེས་པ་ཁོང་རྔ་པ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་འདས་གྲོངས་སུ་གྱུར་ཡོད་པ་མ་ཟད། རྒྱ་གཞུང་གིས་ཁོང་གི་རུས་ཐལ་ཞིག་ནང་མིར་སྤྲད་ཡོད་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག

རྒྱལ་གཅེས་དཔའ་བོ་ཁོང་གིས་རང་ལུས་མེར་བསྲེགས་བཏང་རྗེས། མཛོད་དགེ་ཕྱོགས་གཙོ་བོར་གྱུར་པའི་བོད་མི་སྐྱ་སེར་དང་རྒན་གཞོན་མང་པོ་ཁོང་གི་ནང་མིར་གདུང་སེམས་མཉམ་སྐྱེད་དང་མྱ་ངན་འཚམས་འདྲི་ཆེད་ཕེབས་ཀྱི་ཡོད་འདུག

དེ་ལྟར་ན།   ཕྱི་ལོ་ ༢༠༠༩ ནས་ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༢༩ བར་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་དངོས་ར་གསལ་འཕྲོད་བྱུང་བ་གྲངས་ ༩༡  བྱུང་བ་དང།   དེའི་ནང་དུ་འདས་གྲོངས་སུ་གྱུར་བ་མི་གྲངས་ ༧༦ བྱུང་ཡོད།

རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་ཕྲུ་གུ་གཉིས།རྒྱལ་གཅེས་དཔའ་བོ་དཀོན་མཆོག་སྐྱབས་ལགས་ཀྱི་ཕྲུ་གུ་གཉིས།

ས་གནས་དགེ་འདུན་པ་ཚོས་བསྔོ་སྨོན་གནང་བཞིན་པ།ས་གནས་དགེ་འདུན་པ་ཚོས་བསྔོ་སྨོན་གནང་བཞིན་པ།

དེར་བརྟེན་རྒྱ་ནག་གཞུང་གིས་ད་དུང་བོད་ནང་དུ་གཡོན་ཐལ་ནོར་འཁྲུལ་ཅན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་ན། བོད་ས་ཁྱོན་ཡོངས་སུ་གནས་ཚུལ་འདི་ལས་ཐབས་སྡུག་ཏུ་འགྱུར་སྲིད་ལ།   ཕྱི་ཟླ་ ༡༡ ཚེས་ ༧ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་བསྒྲགས་གསར་འགོད་ལྷན་ཚོགས་བསྐྱངས་པའི་དོན་གནད་ཁག་ལ་རྒྱ་གཞུང་གིས་ཡ་ལན་བསམ་གཞིགས་གང་ཡང་བྱས་མེད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱལ་སྤྱིའི་ཁྱོན་ཡོངས་སུ་གསལ་བསྒྲགས་ཞུ་བསྐུལ་དང་ལས་འགུལ་གཞི་རྒྱ་ཆེ་བ་མི་སྤེལ་ཀ་མེད་བཅས་ཀྱི་འགན་ཡོངས་རྫོགས་རྒྱ་གཞུང་གིས་འཁྱེར་དགོས་ཞེས་ནན་ཀྱི་བརྗོད་རྒྱུ་དང།

རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་ཞུ་རྒྱུར།

༡།       ཉེ་ལམ་པེ་ཅིང་ཨ་རིའི་གཞུང་ཚབ་མཆོག་ནས་རྒྱ་ནག་གི་བོད་ཐོག་འཛིན་པའི་སྲིད་ བྱུས་ལ་བསྐྱར་ཞིབ་དགོས་པའི་རེ་སྐུལ་དང་།  དེ་མིན་ཨ་རི་དང་ཡུ་རོབ་གཙོས་གཞུང་དང་སྒེར། གནད་ཡོད་མི་སྣ་མང་པོས་བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་ཐུགས་ འཚབ་དང་འབོད་སྐུལ་རིམ་པ་གནང་བར་རྒྱ་གཞུང་གིས་མཁྲེགས་འཛིན་གྱི་རྣམ་འགྱུར་ ཤུགས་ཆེ་འཛིན་བཞིན་པར་བརྟེན། ཨ་རི་དང་ཡུ་རོབ་མཐུན་ཚོགས་གཙོས་པའི་དྲང་བདེན་དང་མང་གཙོར་དགའ་བའི་རྒྱལ་ཁབ་ དག་གིས་གཙོ་འགན་བཞེས་ཏེ་རྒྱལ་སྤྱིའི་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་བོད་དུ་གཏོང་ཐབས་ཀྱིས་དངོས་ཡོད་གནས་སྟངས་ཇི་ཆགས་ལ་ཞིབ་འཇུག་གནང་བའི་རེ་ སྐུལ་ཞུ་རྒྱུ།

༢།       ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢ ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝར་) Geneva) རྟེན་གཞི་བྱས་པའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ ཐོབ་ཐང་ལྷན་ཁང་གི་གཙོ་འཛིན་ལྕམ་སྐུ་ན་ཝི་པིལ་ལེ་)Navi Pillay) མཆོག་གིས་བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཤུགས་ཆེ་ཞིག་སྤེལ་བ་དེ་ནི་ལྷན་ཁང་དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་ངོས་འཛིན་གསལ་ཤོས་དེ་ཡིན་པ་མ་ཚད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་འཛུགས་ཆེན་པོ་ཞིག་གི་ཐོག་ནས་བར་ལམ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ལངས་ཕྱོགས་གསལ་པོ་འཛིན་པར་ཡང་ངོས་འཛིན་ཞུ་རྒྱུ་ཡིན། དེར་བརྟེན་གལ་ཆེའི་བསྒྲགས་གཏམ་དེ་དག་ཡིག་ཐོག་ཙམ་དུ་མ་ལྷག་པར་དངོས་སུ་ལག་བསྟར་ཡོང་ཆེད།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་མིའི་གྲས་སུ་ཡོད་པའི་རྒྱལ་ཁབ་ ༤༧ གྱི་ཚོགས་མི་རྣམས་ལ་བོད་དོན་ཆེད་དམིགས་བསལ་ཛ་དྲག་གི་ལྷན་ཚོགས་ཤིག་ཚུགས་སྐྱོང་ཡོང་བའི་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་བཅས།