རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གཤེགས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

 

ཕྱི་ལོ༢༠༡༣  ཟླ༢ ཚེས་ ༡༧ ཉིན།  ཕྱི་དྲོའི་བོད་ནང་གི་ཆུ་ཚོད་ ༦ པ་ཙམ་ལ། ཨ་མདོ་བླ་བྲང་བསང་ཆུ་རྫོང་གི་གཞུང་ལམ་དྲག་ཆས་ཉེན་རྟོག་དཔུང་དམག་གི་ལས་ཁུངས་སྒོ་མདུན་དུ།  རྒྱལ་གཅེས་དཔའ་བོ་རྒན་རྒྱའི་གནམ་ལྷ་ཚེ་རིང་ལགས་ཀྱིས་རང་ལུས་མེ་བསྲེགས་ཀྱིས་རྒྱ་གཞུང་གི་ཆེས་གདུག་རྩུབ་དང་ནོར་འཁྲུལ་གྱི་སྲིད་བྱུས་ལ་ངོ་རྒོལ་གནང་སྐབས།   མེ་འབར་ཤུགས་ཧ་ཅང་ཆེ་བའི་དབང་གིས་སྐུ་གཤེགས་པའི་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་།   དེ་མ་ཐག་རྒྱ་གཞུང་གི་ཉེན་རྟོག་པ་དང་དམག་མི་འབྱོར་ཏེ་སྐུ་ཕུང་བཙན་འཁྱེར་བྱས་ཡོད་འདུག

རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྣམ་པ།རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་རྣམ་པ།

རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས།རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས།རྒྱལ་གཅེས་དཔའ་བོ་གནམ་ལྷ་ཚེ་རིང་ལགས་ནི།   ཀན་སུའུ་ཞིང་ཆེན་བླ་བྲང་བསང་ཆུ་རྫོང་རྒན་གྱ་ཡུལ་ཚོ་རི་སྔོན་སྡེ་བའི་མི་ཡིན་པ་དང་། ཁོང་ལ་ཡོངས་གྲངས་སུ་ཧྭོ་བྷ་རུ་འབོད་ཅིང་། ཕ་མིང་ལ་བསམ་འགྲུབ་དང་།  མ་མིང་ལ་བསོད་ཁོ་ཟེར་ཞིང་།  ངོས་འཛིན་ལག་འཁྱེར་ལྟར་ན། ཁོང་ཕྱི་ལོ་ ༡༩༦༤ ཟླ་ ༨ ཚེས་ ༧ ཉིན་སྐྱེས་པ་དང་།   སྐྱེས་དམན་གྱི་མིང་ལ་འཚོ་ལོ་ཟེར་བ་དང་། ཁོང་གཉིས་ལ་བུ་བཞི་ཡོད་པ་ལས་ཆེ་བ་གྲྭ་བ་བྱས་ཡོད་པ་དང་།  འབྲིང་བ་གཉིས་མཚེས་མ་ཡིན་པ་དང་།  ཆུང་བའི་མིང་ལ་རྡོ་རྗེ་ཟེར་གྱི་ཡོད་འདུག

དེ་ལྟར་ན་ཕྱི་ལོ་ ༢༠༠༩ ནས་ ༢༠༡༣  ཟླ ༢ ཚེས ༡༧  བར་ང་ཚོས་ཤེས་རྟོགས་ར་འཕྲོད་བྱུང་བ་བོད་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་གྲངས་ ༡༠༢ དང་།   སྐུ་གཤེགས་པའི་མི་གྲངས་ ༨༦ ཆགས་ཡོད་པ་དང་། ད་དུང་གསལ་པོ་མ་ཆགས་པའི་རིགས་ཡོད་འདུག་པ་དང་།  དེ་བཞིན་རྒྱ་གཞུང་གི་དམ་དྲག་འོག་ནས་རྩ་བ་ནས་ཤེས་རྟོགས་བྱུང་མེད་པའི་རིགས་ཀྱང་ཡོད་སྲིད།  བོད་ནང་རང་ལུས་མེར་བསྲེགས་ཀྱིས་ཞི་བའི་རྒོལ་ལངས་གཅིག་མཇུག་གཉིས་མཐུད་ཀྱིས་ད་ལྟའི་སྐབས་གྲངས་བརྒྱ་དང་གཉིས་བརྒལ་ཡོད་རུང་།

རྒྱ་ནག་གཞུང་གིས་ད་དུང་ཡང་སྡིག་པ་མིག་བཙུམས་ཀྱིས།   ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༡༤ ཉིན་བོད་ཀྱི་ས་གནས་གང་སར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ལ་དམིགས་ནས་དཀྱོག་བཤད་དང་དངོས་ཡོད་མ་ཡིན་པའི་༼དོན་ཚན་ལྔ་༽ཅན་ཞིག་ས་གནས་གང་སར་སྦྱར་འགྲེམས་བྱས་ཡོད་པ་དེ་དང་། ཡང་།  ཕྱི་ལོ་༢༠༡༢ ཟླ་༡༡ ཚེས་༢༠ རྨ་ལྷོ་ཁུལ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས། རང་ལུས་མེར་བསྲེགས་དང་འབྲེལ་བའི་༼དོན་ཚན་བདུན་༽ཅན་ཞིག་ཁྱབ་བསྒྲགས་བྱས་ཡོད་པ་དང་། ཡང་།   ཕྱི་ལོ་༢༠༡༢ ཟླ་༡༢ ཚེས་༣ ཉིན་དབུས་གཞུང་གི་ཁྱབ་བསྒྲགས་ཡིག་ཆའི་ནང་རང་ལུས་མེར་བསྲེགས་ཀྱི་ཆེད་དུ།  རྩ་འཛུགས་དང་།  ཇུས་འགོད། ངན་སྐུལ། བཙན་ཤེད། བསླུ་བྲིད། གོ་ངན་ཀླད་བླུགས་བྱེད་མཁན། རང་ལུས་མེར་བསྲེགས་བྱེད་མཁན་གྱི་ཕུང་པོ་ཡར་བཏེགས་ནས་ཁྲོམ་སྐོར་དང་། མི་མང་པོ་འདུ་འཛོམས། རུབ་ནས་ལྟ་བ། མི་མང་མཉམ་རུབ་ཀྱིས་རང་བསྲེགས་བྱེད་མཁན་གྱི་ཕུང་པོ་སྐྱེལ་བ། དེའི་དོན་དུ་ཞལ་འདེབས་སློང་བ། མེར་བསྲེགས་བརྒྱུད་སྐུལ་བྱེད་མཁན་མི་གསོད་ནག་ཉེས་ཀྱི་ཁྲིམས་ཐོག་ལ་སྦྱར་ཞེས་ཁྱབ་བསྒྲགས་བྱས་ཡོད་འདུག་པ་ལྟར། རང་ལུས་མེར་བསྲེགས་ཀྱི་ངན་ཁག་གཞན་ལ་དཀྲི་ཐབས་དང་། རྒྱ་ནག་གི་དབང་འཛིན་པ་ཚོས་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་སོགས་དང་འགལ་བའི་ཁྲིམས་གཞི་སྣ་ཚོགས་གང་དྲན་དྲན་གྱིས་དྲིལ་བསྒྲགས་བྱས་ཏེ། བོད་མི་རྣམས་ལ་སྲོག་ཁྲིམས་དང་།  ལོ་གྲངས་རྒྱས་བཅད་ཀྱི་བཙོན་འཇུག   མནར་གཅོད། ཆབ་སྲིད་ཀྱི་ཁེ་དབང་འཕྲོག་ཐབས། དགེ་འདུན་པ་རྣམས་དགོན་པ་ནས་ཕྱིར་ཕུད་བྱས་པ། བོད་མི་རྣམས་ལ་འཇིགས་སྐུལ་གྱིས་གནས་ཚུལ་རྫུན་སྒྲིག་གི་ཁྱབ་བསྒྲགས་བྱེད་བཅུག་དང་འཇུག་བཞིན་པ།    ད་དུང་བོད་ས་གང་སར་སུན་གཙེར་ཚད་མེད་བྱས་དང་བྱེད་བཞིན་པ་ཡིན།

རྒྱ་གཞུང་གིས་ཁྲིམས་གཞི་རྫུན་མ་དེར་ཁ་གཡར་ནས། ཕྱི་ལོ་༢༠༡༣  ཟླ ༡  ཚེས༣༡ ཉིན།  སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་འབྲིང་རིམ་དམངས་ཁྲིམས་ཁང་ཟེར་བས་རྔ་པའི་བློ་བཟང་དཀོན་མཆོག་དང་།  བློ་བཟང་ཚེ་རིང་གཉིས་ལ་མི་བསད་པའི་ཉེས་འཛུགས་འོག  བློ་བཟང་དཀོན་མཆོག་ལ་སྲོག་ཁྲིམས་བཅད་དེ་ལོ་གཉིས་ཀྱི་རྗེས་སུ་ལག་བསྟར་བྱ་རྒྱུ་དང་། ཆབ་སྲིད་ཁེ་དབང་ཚེ་གང་བོར་འཕྲོག་རྒྱུ། བློ་བཟང་ཚེ་རིང་ལ་ལོ་ ༡༠ ཡི་དུས་བཀག་བཙོན་འཇུག་བྱས་ཡོད། དེ་བཞིན་བླ་བྲང་དང་མཚོ་སྔོན་ས་ཁུལ་སོགས་སུ་འཇུ་བཟུང་དང་བཙོན་འཇུག་སྣ་ཚོགས་བྱས་དང་བྱེད་བཞིན་ཡོད། རང་ལུས་མེར་བསྲེགས་དེ་ཆོས་དང་འགལ་བ་ཡིན་ཚུལ་དྲིལ་བསྒྲགས་ཀྱི་ཆེད་དུ། ཟླ་༡ ཚེས་༡༦ ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཟེར་བས་བཙན་སྐུལ་གྱིས་༼ནང་པའི་ཚེ་སྲོག་གི་ལྟ་བ་བགྲོ་གླེང་ཚོགས་འདུ་༽ཞེས་པ་བསྐངས་ཏེ། ༼བྱམས་སྙིང་རྗེའི་བསམ་པ་བཅངས་ནས་ཚེ་སྲོག་ལ་གཅེས་འཛིན་བྱེད་དགོས་༽ཟེར་བ་སོགས། ཆོས་བྱེད་མི་སྣ་རྣམས་ལ་ཆོས་དང་འགལ་བའི་རྫུན་དང་། དཀྱོག་བཤད། མི་རིགས་དབྱེན་དཀྲུག་བྱེད་བཅུག་ཡོད། ཡང་།  ཟླ་༡ ཚེས་༢༡ ཉིན་ཀན་ལྷོ་ཁུལ་དུ་༼རང་སྲེག་ཕར་རྒོལ་ཁུལ་ལས་དོན་འགོ་ཁྲིད་ཚོགས་ཆུང་༽ཟེར་བའི་འཐུས་མི་ཚོས། ས་གནས་ཁག་གི་དགོན་པའི་གྲྭ་པ་ཚོར་དོ་དམ་བྱེད་དགོས་པ་དང་རྒྱ་ཡིག་སྦྱོང་དུ་འཇུག་དགོས་པ། དྲ་བླུག་སྤོ་ལོའི་གདང་བུ། ཕིང་ཕང་སྤོ་ལོའི་རྒྱག་སྟེགས། རྐང་རྩེད་སྤོ་ལོའི་རྒྱག་སྟེགས་སོགས་གང་མགྱོགས་མཁོ་སྤྲོད་བྱེད་འཆར་ཡོད་ཅེས་བཤད་པ་དེར་མཚོན་ན། དགོན་པ་རྒྱ་ཡིག་སྦྱང་སའི་སློབ་གྲྭར་སྒྱུར་འཆར་དང་།  དགེ་འདུན་པ་ཚོའི་བསླབ་པ་སློབ་གཉེར་ལ་བར་ཆད་གཏོང་བའི་ལས་འཆར་སྒྲིག་པ་ཞིག་ཡིན། དེ་བཞིན་སི་ཁྲོན་ཞིང་ཆེན་རྔ་པ་ཁུལ་དང་།  ཀན་སུའུ་ཞིང་ཆེན་བླ་བྲང་བསང་ཆུ་རྫོང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་རེབ་གོང་། ཁམས་བྲག་འགོ་སོགས་སུ་གནས་ཚུལ་སྣ་ཚོགས་ལ་ཁ་གཡར་ནས་བོད་མི་རྣམས་འཇུ་བཟུང་བཙོན་འཇུག་བྱེད་བཞིན་ཡོད། ཟླ ༢   ཚེས ༧ ཉིན་རྒྱ་གཞུང་གི་བརྒྱུད་ལམ་ཁག་ཏུ། མཚོ་སྔོན་ཉེན་རྟོག་པས་རྨ་ལྷོ་ཁུལ་གྱི་རང་བསྲེགས་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་༧༠ འཛིན་བཟུང་བྱས་ལུགས་བརྗོད་པ་དང་། དེའི་ནང་མི་གྲངས་ ༥༢ ལ་དྲག་སྡོམ་འདྲི་གཅོད་དངོས་སུ་ལག་བསྟར་དང་། མི་གྲངས་ ༡༢ ལ་དངོས་སུ་འཛིན་བཟུང་ཁྲིམས་གཅོད་བྱ་གཏན་འཁེལ་ཡོད་ཅེས་སོགས་ཁྱབ་བསྒྲགས་བྱས་ཡོད།

གཞན་ཡང་། ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༣ ཉིན་བལ་ཡུལ་གྱི་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འགྲམ་དུ་བོད་མི་སྒྲུབ་ཚེ་(འགྲུབ་བཞིན་ཚེ་རིང་)ཞེས་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ།” ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ཞེས་སྐད་འབོད་བྱེད་བཞིན་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག་ལ། ཁོང་གིས་རང་ལུས་སུ་སྲིན་བལ་དཀྲིས་ཏེ་ལྕགས་སྐུད་ཀྱིས་བསྡམས་ནས་དེའི་ཐོག་རྡོ་སྣུམ་བླུགས་ཡོད་འདུག མེར་བསྲེགས་བཏང་ནས་ཐང་ལ་འགྱེལ་སྐབས་བལ་ཡུལ་གྱི་ཉེན་རྟོག་པ་སླེབས་ཏེ་ཁྱེར་ཡོད་ཀྱང་ཡུན་རིང་མ་སོང་བར་སྐུ་འདས་གྲོངས་སུ་གྱུར་ཡོད། ཟླ་འདིའི་ཚེས་༡༤ ཉིན།  བོད་ནས་ཁ་པར་བརྒྱུད་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། རྒྱལ་གཅེས་དཔའ་བོ་སྒྲུབ་ཚེ་ལགས་ནི།  ཁམས་དཀར་མཛེས་ཁུལ། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་སྡེ་བ་ནས་ཡིན་པ་དང་། ཡབ་སྤྲུལ་སྐུ་གསང་སྔགས་བསྟན་འཛིན་དང་།  མ་ཚེ་ལྷ་གཉིས་ཀྱི་སྲས་ཡིན་འདུག རང་ལོ་ཉི་ཤུ་རྩ་ལྔ་ལ་སོན་ཡོད་པ་དང་། གསེར་རྟ་རྫོང་གནུབས་ཟུར་ཡུལ་ཚོ་རྒྱལ་ཕྱུག་དགོན་པར་ཆོས་ཞུགས་བྱས་ཡོད་འདུག ཁོང་གིས་ད་སྔོན་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་བསྒྲུབས་མ་ཐུབ་ཀྱང་མ་འོངས་པར་ངས་གང་ཐུབ་ཀྱིས་བོད་མི་རིགས་ལ་ཕན་པའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡིན་ཞེས་འབྲེལ་ཡོད་ལ་བཤད་ཡོད་འདུག ཁོང་རྩིས་པའི་བཙན་བྱོལ་ནང་རང་ལུས་མེར་བསྲེགས་གནང་མཁན་ ༦ བྱུང་ཡོད་པ་རེད།

གང་ལྟར་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་དོན་ནི། ༸གོང་ས་མཆོག་བོད་དུ་ཕེབས་ཐུབ་ཐབས་དང་བོད་ལ་རང་དབང་ཐོབ་ཆེད་དུ་ཡིན་པས། རྒྱལ་སྤྱིའི་སྲིད་གཞུང་ཁག་དང་།  ཚོགས་སྡེ་ཁག གསར་འགོད་པ། ཉམས་ཞིབ་པ། མཁས་དབང་། སྤྱི་ཚོགས་ལས་འགུལ་བ། མང་གཙོ་དོན་གཉེར་བ་སོགས་ཚང་མས། བོད་ཕྱི་ནང་གཉིས་ནང་རང་ལུས་མེར་བསྲེགས་གནང་བཞིན་པ་འདིའི་དགོས་འདུན་དང་རྒྱབ་ལྗོངས། རྒྱ་ནག་གཞུང་ཕྱོགས་ནས་འགྲེལ་བརྗོད་བྱེད་བཞིན་པ་དེ་དག་དངོས་ཡོད་ཡིན་མིན་སོགས་ལ་ཞིབ་འཇུག་དཔྱིས་ཕྱིན་པ་བྱས་ཏེ། བདེན་པ་ལ་རྒྱབ་སྐྱོར་དང་རྫུན་མ་ལ་ཐེར་འདོན་ངེས་པར་དུ་བྱེད་དགོས་ཞེས་ཞུ་རྒྱུ་ཡིན།

 

ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་༢༠༡༣ ཟླ་༢ ཚེས་༡༨ཉིན།།