རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་རང་ལུས་མེར་སྲེག་གིས་འདས་གྲོངས་སུ་གྱུར་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ།

ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ཉིན་གྱི་བོད་ནང་གི་སྔ་དྲོའི་དུས་ཚོད་ ༡༠།༡༥ ཙལ་ལ་བོད་མདོ་སྨད་རྔ་པ་རྫོང་རྨེའུ་རུ་མ་ཞང་། རུ་ཆེན་དང་པོའི་ཉག་སྐོར་མའི་ཕ་དཔའ་ལོ་དང་། མ་མ་སྒྲོན་གཉིས་ཀྱི་བུ་གཅོད་པ་རང་ལོ་ ༢༤ ཙམ་ཡིན་པ་ཁོང་གིས། རྨེའུ་རུ་མའི་ཞང་ཐོག་ནས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ སྐར་མ་ཁ་ཤས་ལས་མ་འགོར་བར་ས་གནས་སུ་ཡོད་པའི་ཉེན་རྟོག་པ་རྣམས་སླེབས་ཏེ་ཁོང་གི་ལུས་ལ་འབར་བཞིན་པའི་མེ་བསད་ནས་བཙན་ཁྲིད་བྱས་ཡོད་པ་དང་། ཉིན་དེའི་ཕྱི་དྲོའི་ཆུ་ཚོད་ ༣ ཡོལ་ཙམ་ལ་འབར་ཁམས་སུ་སླེབས་ལ་ཉེ་བའི་ལམ་བར་ནས་འདས་གྲོངས་སུ་ཕྱིན་འདུག་པ་དང་། སྐུ་ཕུང་འབར་ཁམས་ནས་རྒྱ་གཞུང་གིས་མེར་བསྲེགས་བཏང་སྟེ་ནང་མིར་རུས་ཐལ་ཞིག་སྤྲད་ཡོད་འདུག དམ་པ་ཁོང་ནི་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༢༣ ཉིན་སྟེ་དཔྱིད་གསར་དུས་ཆེན་སྐབས་རྔ་པ་རྨེའུ་རུ་མའི་ནང་ནས་བོད་མི་བརྒྱ་ཕྲག་བརྒལ་བས་མར་མེ་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད་བྱས་སྐབས་ཀྱི་སྣེ་ཁྲིད་པའི་གྲས་ཡིན་ཞིང་། དེའི་རྗེས་རྒྱ་གཞུང་གི་ཉེན་རྟོག་མི་སྣས་རྩད་གཅོད་ཐེངས་འགར་བྱས་ཀྱང་ལག་སོན་མ་བྱུང་སྟབས་བྲོས་བྱོལ་བྱས་ཡོད་འདུག ཆུང་ཆུང་སྐབས་རྨེའུ་རུ་མའི་སློབ་ཆུང་ལ་འགྲོ་མྱོང་ཡོད་ཅིང་། ཤུལ་དུ་ཕ་མ་གཉིས་དང་མིང་སྲིང་བཞི་བཅས་ནང་མི་དྲུག་ལྷག་ཡོད་འདུག

རྒྱལ་གཅེས་དཔའ་བོ་གྲྭ་བློ་བཟང་ཚུལ་ཁྲིམས་ལགས་ཀྱིས་ཟླ་ ༨ ཚེས་ ༦ ཉིན་རང་ལུས་མེར་སྲེག་གནང་པ་དང་། རྒྱལ་གཅེས་དཔའ་མོ་སྒྲོལ་དཀར་མཚོ་ལགས་ཀྱིས་ཟླ་ ༨ ཚེས་ ༧ ཉིན་རང་ལུས་མེར་སྲེག་གནང་སྟེ་ཁོང་རྣམ་གཉིས་འདས་གྲོངས་སུ་གྱུར་མ་ཐག་ཡིན་པ་དང་། ཉིན་གྲངས་གཉིས་ལས་སོང་མེད་པར་རྒྱལ་གཅེས་དཔའ་བོ་གཅོད་པ་ལགས་ཀྱིས་རང་ལུས་མེར་སྲེག་བཏང་ཡོད་པ་རེད། ཉིན་གྲངས་བཞིའི་ནང་ལང་ཚོ་དར་ལ་བབས་ཡོད་པའི་བོད་པའི་ན་གཞོན་གསུམ་གྱིས་རང་སྲོག་བློས་བཏང་གནང་དགོས་བྱུང་བ་འདི་ནས། དུས་དེ་རིང་གི་བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༤༧ བྱུང་ཡོད་པའི་ནང་ ༣༧ འདས་གྲོངས་སུ་གྱུར་ཡོད། ཛ་དྲག་གི་གནས་ཚུལ་འདི་དག་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ཐོག་འཛིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་ཁོ་ན་ལ་བརྟེན་ནས་ཡོང་གི་ཡོད་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསར་འགོད་བསྒྲགས་གཏམ་རིམ་པའི་ནང་བཀོད་ཡོད་པ་དེ་བསྐྱར་ནན་བྱེད་རྒྱུ་ཡིན།

དུས་ཚོད་ཐུང་ངུ་འདི་འདྲ་ཞིག་གི་ནང། བོད་ནང་ཕོ་དང་མོ། དགེ་འདུན་པ་དང་བཙུན་མ། ཞིང་པ་དང་འབྲོག་པ།རྒན་གཞོན་དབྱེར་མེད་ཀྱིས། རང་གི་དྲིན་ཆེན་ཕ་མ་དང་། ཤ་ལས་སྐྱེས་པའི་བུ་ཕྲུག རིན་ཐང་བྲལ་བའི་རང་གི་ཚེ་སྲོག་བློས་བཏང་ནས་བོད་ཀྱི་བདེན་པ་རྩོད་ཀྱི་ཡོད་པ་ལ། དྲང་བདེན་དང་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་མཁན་གྱི་རྒྱལ་ཚོགས་སོགས་ཀྱིས་ཐེད་གཏོགས་བྱེད་དགོས་པའི་དུས་ལ་བབ་ཡོད། རྒྱ་ནག་གཞུང་གིས་རང་ཉིད་ཀྱི་མི་སེར་ས་ཡ་མང་པོར་གནས་ཚུལ་ཡོངས་རྫོགས་འགྲེལ་ལོག་བརྒྱབ་ནས། རྒྱ་བོད་མི་རིགས་དབར་འཁོན་འཛིན་སློང་ཐབས་བྱས་དང་བྱེད་བཞིན་ཡོད་པ་དང་། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་དངོས་ཡོད་ཀྱི་གནས་ཚུལ་ཤེས་བཞིན་དུ། ད་དུང་ཡང་བོད་ནང་ཛ་དྲག་གི་གནས་ཚུལ་མ་མཐོང་མདོག་བྱས་ཏེ་མི་སྨྲ་བའི་བརྟུལ་ཞུགས་འཛིན་པ་ནི། འཁྱོག་བཤད་དང་གཡོ་སྒྱུ་ལ་རྒྱབ་སྐྱོར་དང་དྲང་བདེན་དང་ཉམ་ཆུང་རྡོག་རོལ་དུ་བཏང་བ་ཞིག་ཆགས་འགྲོ་གི་ཡོད་ན། དེ་དོན་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་སྲིད་གཞུང་། གཟུ་བོར་གནས་པའི་གསར་འགོད་པ་སོགས་ཀྱིས་བོད་དོན་དང་རང་ལུས་མེར་སྲེག་ཐེད། རྒྱ་ནག་གཞུང་གི་དཔོན་རིགས་ཚོར་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་ཞེས་ནན་བརྗོད་བྱེད་རྒྱུ་ཡིན།

ཞེས་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༣ ཉིན།།

Menu