རྒྱ་རིགས་སྐུ་མགྲོན་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་རིགས་སྐུ་མགྲོན་ཁག་ཅིག་ལྷན།
དཔལ་ལྡན་ཚོགས་གཙོ་མཆོག་རྒྱ་རིགས་སྐུ་མགྲོན་ཁག་ཅིག་ལྷན།

༄༅། ། ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༣༠ ཐོག་གསུམ་བཅུའི་དུས་དྲན་གྱི་རྒྱ་རིགས་སྐུ་མགྲོན་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས་དཔལ་ལྡན་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།  

དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ངོ་སྤྲོད་གནང་བཞིན་པ།
དཔལ་ལྡན་ཚོགས་གཙོ་མཆོག་གིས་གྲོས་ཚོགས་ངོ་སྤྲོད་གནང་བཞིན་པ།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། གྲོས་ཚོགས་ཚོགས་དུས་བཅས་ཀྱི་སྐོར་དང་། བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་དང་འཕེལ་རིམ། དེ་བཞིན་བཙན་བྱོལ་བོད་མིའི་མང་གཙོ་ནི་༸གོང་ས་མཆོག་གིས་མར་མི་མང་ལ་གསོལ་སྩལ་གནང་བ་ཞིག་དང་། སྲིད་དོན་ཚོགས་པ་མེད་པའི་མང་གཙོ་ཡིན་པ་སོགས་བཙན་བྱོལ་བོད་མིའི་མང་གཙོའི་ཁྱད་ཆོས་དང་། གྲོས་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཇི་ལྟར་གཏན་ལ་ཕབ་པ་སོགས་ཀྱི་སྐོར་གསུངས་གནང་བ་མ་ཟད། ཁོང་རྣམ་པའི་དྲི་བ་ཁག་ལ་ལན་འདེབས་གསལ་བཤད་གནང་ཡོད།

དེ་རྗེས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་དཔལ་ལྡན་ཚོགས་གཙོ་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་རིགས་སྐུ་མགྲོན་རྣམས་དང་ལྷན་མཇལ་མོལ་གནང་ཡོད་པ་དང་། སྐབས་དེར་ཐོག་མར་དཔལ་ལྡན་ཚོགས་གཙོ་མཆོག་གིས་རྒྱ་རིགས་སྐུ་མགྲོན་རྣམས་ལ་སྤྱི་འཐུས་རྒྱུན་ལས་རྣམ་པ་ངོ་སྤྲོད་དང་། དེ་ནས་རྒྱ་རིགས་སྐུ་མགྲོན་རྣམ་པས་སོ་སོ་ངོ་སྤྲོད་གནང་རྗེས། 

༸པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་གང་དུ་བཞུགས་ཡོད་མེད་སྐོར་དང་། རྒྱ་ནག་མང་གཙོའི་ལམ་བུར་བསྐྱོད་ཐུབ་མིན་སོགས་བོད་དོན་དང་འབྲེལ་བའི་གནས་ཚུལ་ཐོག་ཕན་ཚུན་དྲི་བ་དྲིས་ལན་ཐོག་ནས་ཆུ་ཚོད་ཕྱེད་ཙམ་རིང་བཀའ་བསྡུར་ལྷུག་པོ་གནང་ཡོད་པ་མ་ཟད། རྒྱ་རིགས་སྐུ་མགྲོན་རྣམ་པས་ཁོང་ཚོ་གནས་ཡུལ་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མིར་བོད་དོན་སྐོར་ཞུ་རྒྱུའི་ཞལ་བཞེས་དང་། འབྱུང་འགྱུར་མུ་མཐུད་ཕན་ཚུན་བསམ་ཚུལ་བརྗེ་རེས་དང་། མཉམ་རུབ་ཐོག་ལས་འགུལ་སྤེལ་རྒྱུའི་རེ་འདུན་ཞུས་གནང་སོང་བ་བཅས། །