རྒྱ་ནག་གི་ལོ་གསར་ཉིན་བོད་མིའི་ཞི་རྒོལ་ལས་འགུལ་དང་རྒྱ་གཞུང་གིས་དྲག་གནོན་དམར་གསོད།

༄༅༎ ཕྱི་ལོ་ ༢༠༡༢ ཟླ་ ༡ ཚེས་ ༢༣ ཉིན་ཏེ། རྒྱ་ནག་གི་ལོ་གསར་ཚེས་གཅིག་ཉིན། གསེར་རྟ་རྫོང་དུ་བྲག་འགོ་དང་ཆ་འདྲ་བར། རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་པ་དང་། ངོ་རྒོལ་བྱེད་མཁན་གྱི་ཕུང་པོ་རྒྱ་ནག་གཞུང་གི་ལག་ཏུ་མ་ཤོར་བ་བྱེད་དགོས་སྐོར་པའི་ཡིག་ཆ་ཞིག་བཀྲམ་ཡོད་པར་བརྟེན། ཉིན་དེར་བོད་མི་མང་པོ་རྫོང་ཐོག་ཏུ་འཛོམས་ཏེ་ཛ་དྲག་གནས་ཚུལ་བྱུང་མེད་ཀྱང་། ཚེས་ ༢༤ ཉིན་མི་མང་གིས་ངོ་རྒོལ་གྱི་སྐད་འབོད་བྱས་འཕྲལ། རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་མང་ཚོགས་ཁྲོད་མདེལ་ཆར་ཕབས་ཏེ། ཉུང་མཐར་ཡང་བོད་མི་གཅིག་དམར་གསོད་བཏང་ཡོད་པ་དང་། བོད་མི་བཅུ་ཕྲག་དུ་མར་རྨས་སྐྱོན་ཕོག་པའི་ཛ་དྲག་གི་གནས་ཚུལ་ཐོན་འདུག

 

དེ་བཞིན་གོང་ཚེས་ཉིན་གྱི་སྔ་དྲོར། རྔ་པ་རྫོང་རྨེའུ་རུ་མའི་གསེར་ལྡེས་སྐེ་རྟགས་ཞེས་པའི་གཞུང་ལམ་དུ་རྨེའུ་རུ་མ་ཤང་དང་ཐག་ཉེར་ཡོད་པའི་གནམ་མཚོ་དགོན་པའི་དགེ་འདུན་པ་དང་སྟོད་གོས་མ་གྱོན་པའི་མི་མང་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས་རྩམ་པ་འགམ་བཞིན་མ་ཎི་བཏོན་ནས་བསྡད་པ་དང་། ཉིན་གུང་ཙམ་ལ་མར་མེ་ཁྲོམ་སྐོར་བྱེད་བཞིན་ཤང་ཐོག་ཏུ་འགྲོ་སྐབས། ཉེན་རྟོག་པ་དང་དམག་མིས་མི་མང་གི་མདུན་བཀག་སྟབས། མང་ཚོགས་ཀྱིས་མ་ཎི་འདོན་མཚམས་བཞག་སྟེ། ༸རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་རང་དབང་དགོས་སོགས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། སྐབས་དེར་ཉེན་རྟོག་པ་རྣམས་ཀྱིས་གང་བྱུང་གཅར་རྡུང་དྲག་པོ་གཏོང་བཞིན་མི་མང་ཁ་གཏོར་བ་མ་ཟད།  གནམ་མཚོ་དགོན་པའི་བླ་མ་རྡོ་རྗེ་འཛིན་པ་པདྨ་རྡོ་རྗེ་འཆང་སོགས་དགེ་འདུན་པ་སྐོར་ཞིག་དང་། གཏོ་རུ་སྡེ་བའི་འབྲུག་ཐོ་ཚང་གི་བུ་ལོ་བརྒྱ་དང་ཁོང་གི་སྲིང་མོ་བྱམས་པ། རུ་ཆེན་དང་པོའི་བློ་བཟང་སྐེ་ཡོ་དང་ཚེ་བརྟན། རུ་ཆེན་གཉིས་པའི་ཚེ་པེ་རྡོ་རྗེ་དང་། ནམ་དོན། རྒྱ་འཇིག ཨ་བ་ཚང་གི་རྡོ་རྗེ་དང་ཁོང་གི་སྤུན་ཀིརྟི་དགོན་པའི་གྲྭ་སངས་རྡོར་སོགས་འཛིན་བཟུང་གིས་རླངས་འཁོར་ཆེན་པོའི་ནང་དུ་བླུགས་ནས་བཙན་ཁྲིད་བྱས་ཡོད་པ་དང་། རྨེའུ་རུ་མའི་མི་སྐྱ་ཕོ་མོ་བརྒྱ་ཡས་མས་གར་སོང་ཆ་མེད་དུ་གྱུར་འདུག་ལ། ཕྱི་ཚེས་ ༢༤ ཉིན་ད་དུང་མུ་མཐུད་ནས་རྨེའུ་རུ་མའི་ཤང་ཐོག་ཏུ་དམག་མི་དང་ཉེན་རྟོག་པ་འབོར་ཆེན་གྱིས་དམ་དྲག་བྱས་ཡོད་པར་མ་ཟད། ཕྱི་ཚེས་ ༢༥ ཉིན་ནས་ཉིན་བཅོ་ལྔའི་རིང་འཚོགས་རྒྱུ་ཡིན་པའི་རྔ་པ་ཀིརྟི་དགོན་པའི་སྨོན་ལམ་ལ་མཇལ་སྐོར་དུ་འགྲོ་མཁན་གྱི་འབྲོག་པ་རྣམས་ཀྱང་གཅར་རྡུང་དང་འཛིན་བཟུང་བྱེད་བཞིན་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༣ ཉིན་སྔ་དྲོ་རྔ་པ་རྫོང་མཁར་ནས་དོན་དག་གང་ཡང་མེད་པར་མཐའ་བ་གོང་མའི་བྷུ་ངྷ་སོགས་ཕོ་གསར་བཅུ་འཛིན་བཟུང་བྱས་ཡོད་པ་དང་། སྔ་དྲོའི་ཆུ་ཚོད་ ༡༡ ཙམ་ལ་སྐྱ་སེར་ ༣༠༠ ལྷག་གིས་ལག་ཏུ་མར་མེ་དང་སྤོས་བཟུང་ཞིང་མ་ཎི་འདོན་བཞིན་རྔ་པ་ཀིརྟི་དགོན་པར་སྐོར་བ་བྱས་ཡོད་འདུག་ཅིང་། ཕྱི་དྲོའི་ཆུ་ཚོད་ ༣ ཙམ་ལ་བསྐྱར་དུ་སྐྱ་སེར་ ༥༠༠ ལྷག་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་འགྲམ་དུ་འདུ་འཛོམས་ཀྱིས་སྔར་བཞིན་སྤོས་དང་མར་མེ་བཟུང་ནས་མ་ཎི་འདོན་བཞིན་རྔ་པ་ཀིརྟི་དགོན་པར་སྐོར་བ་བྱས་ཡོད་འདུག མར་མེ་ཁྲོམ་སྐོར་སྔ་ཕྱི་གཉིས་ཀར་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་པོས་མི་མང་གི་རྗེས་དེད་ནས་སོང་བ་མ་གཏོགས་གཅར་རྡུང་དང་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མི་འདུག

ཡང་ཉིན་དེར་འབར་ཁམས་རྫོང་རྒྱལ་རོང་ཚོ་བདུན་དགོན་གྲོང་གི་སེར་སྐྱ་ ༡༠༠༠ ཡས་མས་ཚོ་བདུན་དགོན་པར་འདུ་འཛོམས་ཀྱིས་ཕྱི་དྲོའི་ཆུ་ཚོད་ ༥།༣༠ ཙམ་ནས་དགོང་མོའི་ཆུ་ཚོད་ ༨ བར་མར་མེ་ཁྲོམ་སྐོར་བྱས་ཤིང་། མར་མེ་ཁྲོམ་སྐོར་གྱི་རྗེས་སུ་འབར་ཁམས་ཁུལ་ནས་ཉེན་རྟོག་དཔོན་སོགས་མཐོ་རིམ་ལས་བྱེད་པ་དང་། ཉེན་རྟོག་པ་མང་པོ་ཞིག་དགོན་པར་འབྱོར་ཡོད་འདུག

ཕྱི་ཚེས་ ༢༤ ཉིན་རྒྱལ་རོང་ཚོ་བདུན་དགོན་གྲོང་ཐུན་མོང་གིས་རྩེ་བསྟོད་རྒྱུའི་ཡུལ་སྲོལ་ཞིག་ཡོད་པ་དགོན་པ་དང་ཚོ་བ་བདུན་གྱི་ཚོ་དཔོན་རྣམས་ཀྱིས་གྲ་སྒྲིག་ཆ་ཚང་བྱས་ཚར་ཡོད་ནའང་། རྒྱ་གཞུང་གིས་བཀག་འགོག་བྱས་ཏེ་ལ་རྩེ་བསྟོད་དུ་བཅུག་མི་འདུག

ཕྱི་ཚེས་ ༢༣ ཉིན་བྲག་འགོ་རྫོང་དུ་མང་ཚོགས་ཀྱིས་རྔམ་སྟོན་ཁྲོམ་སྐོར་བྱེད་སྐབས་རྒྱ་གཞུང་དྲག་ཆས་མི་སྣས་མདེལ་ཆར་ཕབས་ཏེ་བོད་མི་ནོར་པ་ཡོན་ཏན་སོགས་ཁ་ཤས་ཤིག་དམར་གསོད་བཏང་ཡོད་པ་དང་། མིང་ཐོ་རག་སོན་བྱུང་བའི་བོད་མི་སྐྱ་སེར་གྲངས་ ༣༦ ལ་རྨས་སྐྱོན་ཕོག་ཡོད། །