རྒྱ་ནག་གཞུང་ནས་ཀིརྟི་དགོན་པའི་དགེ་འདུན་པ་ཚེ་དཔག་ལགས་འཛིན་བཟུང་བྱས་འདུག

གྲྭ་ཚེ་དཔག་ལགས།གྲྭ་ཚེ་དཔག་ལགས།༄ ༅། །འདི་གར་བཞུགས་སྒར་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་ རིང་ལགས་དང་བློ་བཟང་ཡེ་ཤེས་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༩ ཉིན་གྱི་མཚན་མོའི་བོད་ནང་གི་ཆུ་ཚོད་ ༡༢ ཙམ་ལ་རྔ་པ་ཀིརྟི་དགོན་གྱི་དགེ་འདུན་པ་ཚེ་དཔག་ལགས་དགོན་པའི་ཤར་ཕྱོགས་ཀྱི་ཉེ་འཁྲིས་སུ་ཡོད་པའི་གྲོང་བའི་ནང་སྲིང་མོ་ནད་པ་ཞིག་ཡོད་པ་དེར་ནད་གཡོགས་བྱས་ནས་ཡོད་སྐབས། རྒྱ་གཞུང་གི་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

འོན་ཀྱང་ད་བར་ནང་མི་ཉེ་འབྲེལ་སོགས་ཀྱིས་ཁོང་ལ་ཉེས་འཛུགས་ག་རེ་བྱེད་བཞིན་ཡོད་མེད་དང་གར་ཡོད་གར་ཁྲིད་ཀྱི་གནས་ཚུལ་གཅིག་ཀྱང་ཤེས་རྟོགས་ཐུབ་མི་འདུག དགེ་འདུན་པ་ཚེ་དཔག་ལགས་ནི་རང་ལོ་ ༢༩ དང་ཕ་མིང་ལ། དོན་འགྲུབ། ༼འདས་གྲོངས་སུ་གྱུར༽ མ་མིང་ལ་དོན་དེ་བརྗོད་ཀྱི་ཡོད་འདུག

ཁོང་ནི་ཆུང་དུས་ནས་རྔ་པ་ཀིརྟི་དགོན་པའི་ཆོས་སྒོར་ཞུགས་ནས་དེང་སྐབས་དབུ་ མ་ལོ་རིམ་གསུམ་པའི་འཛིན་གྲྭར་སླེབས་ཡོད་འདུག དེ་སྔོན་ཁོང་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོར་ཟུར་སྦྱོང་གནང་ནས་སྡོད་སྐབས་ ཕྱི་ལོ་ ༢༠༡༡ ལོའི་ཟླ་ ༣ ཚེས་ ༢༥ ཉིན་གྱི་དགོང་མོའི་ཆུ་ཚོད་ ༦ པ་ཙམ་ལ་པེ་ཅིང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་འཛིན་བཟུང་བཀག་ཉར་བྱས་ཏེ། ཟླ་ཁ་ཤས་རིང་བཀག་ཉར་བྱས་ཡོད་མོད་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་སོགས་སྐབས་དེར་གསལ་བོ་ཆགས་མེད་ཀྱང་རྗེས་སུ་ཤེས་རྟོགས་བྱུང་བར་ཕྱི་ཕྱོགས་སུ་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་པ་ཞིག་ཡིན་འདུག་པ་བཅས། །

Menu