རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ། 

༄༅། །ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཕྱི་ཚེས་ ༢༢ ནས་ ༢༦ བར་ཉིན་གྲངས་ལྔའི་རིང་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད་པ་རེད། ཐེངས་འདིའི་ཟབ་སྦྱོང་ནང་མོན་གྷོ་འདོད་རྒུ་གླིང་གི་ས་གནས་འཐུས་ཚོགས་ཀྱི་འཐུས་མི་ ༡༠ དང་། ས་གནས་འགོ་འཛིན་ ༡། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ ༥། བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༦ མཉམ་ཞུགས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༡༥ ཐོག་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་དང་། དེ་བཞིན་ཚོགས་བཅར་བ་རྣམས་ཚོགས་ཁང་ནང་ལྷན་འཛོམས་ཀྱིས་ཚོགས་འདུ་དབུ་འཛུགས་གནང་ཞིང་། ཐོག་མར་མོན་གྷོ་ས་གནས་འགོ་འཛིན་ལྷག་པ་སྒྲོལ་མ་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་།

དེ་རྗེས་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་གིས་ཟབ་སྦྱོང་དང་འབྲེལ་བའི་གསུང་བཤད་གནང་དོན། ས་གནས་འཐུས་ཚོགས་ཁག་ནི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་གལ་ཆེ་ཞིག་ཡིན་པ་དང་། ད་བར་ས་གནས་འཐུས་ཚོགས་ཁག་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཟབ་སྦྱོང་ཐེངས་མང་གནང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་བ་དང་།

ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ས་གནས་འཐུས་ཚོགས་ཁག་ཆེད་འཛུགས་དགོས་པ་གསལ་བ་ལྟར། ས་གནས་འཐུས་ཚོགས་ཆེད་འཛུགས་གནང་བའི་སྐོར་དང་། མོན་གྷོ་ས་གནས་འཐུས་ཚོགས་དེ་བཞིན་ཕྱི་ལོ་ ༡༩༩༢ ལོར་གསར་འཛུགས་གནང་བ་དང་། དེ་ནི་ས་གནས་འཐུས་ཚོགས་རྙིང་ཤོས་གྲས་ཤིག་ཡིན་སྐོར། ས་འཐུས་རྣམ་པས་ཉིན་ལྔའི་རིང་གི་ཟབ་སྦྱོང་ཐོག་ལ་ཐུགས་ཁུར་ཆེ་བཞེས་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེ་ཡིན་སྐོར་སོགས་ཀྱི་གསུང་བཤད་གནང་། མཐར་མོན་གྷོ་ས་འཐུས་ཚོགས་གཙོ་པདྨ་རྡོ་རྗེ་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཡོད་འདུག

ཟབ་སྦྱོང་དངོས་གཞིའི་སྐབས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་ཀྱང་གནང་ཡོད་འདུག ཟབ་སྦྱོང་ཉིན་གཉིས་པ་ཕྱི་ཚེས་ ༢༣ ཉིན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་མུ་མཐུད་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུལ་རྩིས་སྟངས་འཛིན་བཅས་ཀྱི་སྒྲིག་གཞི། སྔོན་རྩིས་ཀྱི་རྩིས་འགོའི་ཐོག་ཟབ་ཁྲིད་དང་། ཚོོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་ཡོད་འདུག

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༢༡ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༣།༡༥ ཡི་ཐོག་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་ཀུན་དགའ་བསོད་སྟོབས་མཆོག་རྣམ་གཉིས་བླ་མ་མཉམ་འབྲེལ་མགྲོན་ཁང་དཀར་པོ་རུ་ཕེབས་འབྱོར་སྐབས། ས་འཐུས་ཚོགས་གཙོ་དང་། ས་གནས་རང་བདེན་ཚོགས་གཙོ། མཉམ་འབྲེལ་ཚོགས་གཙོ། དེ་བཞིན་དགོན་སྡེ་ཁག་གི་སྤྱི་མི་ཕྱག་མཛོད།

སྡེ་ཚན་ཁག་གི་འགན་འཛིན། སམ་བྷོ་ཊ་གཏན་སློབ་ཀྱི་སློབ་སྤྱི། གཞིས་སྤྱི་ལྷ་མོ་ཚོགས་པ། གཞོན་ནུ་བོད་མིའི་ཚོགས་གཙོ། དམག་ཟུར་སྐྱིད་སྡུག་གི་ཚོགས་གཙོ། བླ་མ་བླ་སྤྱིའི་དྲུང་ཆེ་དང་འཕྲོད་བསྟེན་འགན་འཛིན་བཅས་ཀྱིས་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་བཅས།