རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་བྷེང་ལོར་དུ་འབྱོར་བ།

བྷང་ལོར། ཟླ་ ༨ ཚེས་ ༡༦། རྒྱ་གར་ལྷོ་ཕྱོགས་མེང་ལོར་ (Mangalore) ཁུལ་དུ་བདེན་པའི་མེ་སྐོར་བསྐྱོད་ལེགས་པར་གྲུབ་སྟེ། བྷང་ལོར་ (Bangalore) དུ་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡༥ རྒྱ་གར་རང་བཙན་ཐོབ་པའི་ཉིན་དབུ་འཛུགས་གནང་བ་དང་། དེ་ཡང་ཞོགས་པ་ཆུ་ཚོད་ ༡༠ ཐོག་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་། ལྷོ་སྤྱི་ཀརྨ་སེང་གེ་ལགས། སྤྱི་མཐུན་མཉམ་སྦྲེལ་གྱི་སྤྱི་ཁྱབ་འགན་འཛིན། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ། ས་གནས་གཞོན་ནུའི་ཚོགས་གཙོ། བྷང་ལོར་བོད་མིའི་སུད་ཚོང་འཐུས་མི། མི་མང་དང་སློབ་ཕྲུག་བཅས་བྷང་ལོར་བོད་ཁྱིམ་སྡོད་ཁང་དུ་འདུ་འཛོམས་ཀྱིས་བདེན་པའི་མེ་ལྕེ་མེང་ལོར་ས་གནས་གཞོན་ནུའི་རྒྱུན་ལས་ནས་བྷང་ལོར་ས་གནས་སུ་བརྒྱུད་སྤྲོད་གནང་བར་ཕེབས་བསུ་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས། མཛད་སྒོའི་ཐོག་མར་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང་བོད་ཀྱི་རྩ་དོན་ཆེད་སྐུ་སྲོག་བློས་གཏོང་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་སྐར་མ་གཅིག་ཞུས། དེ་རྗེས་ལྷོ་སྤྱི་ཀརྨ་སེང་གེ་ལགས་ནས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་སྐོར་ངོ་སྤྲོད་གསུང་བཤད་གནང་། དེ་ནས་ས་གནས་གཞོན་ནུའི་ཚོགས་གཙོ་དང་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་བཅས་ནས་རིམ་བཞིན་གསུང་བཤད་གནང་།

རྒྱ་གར་ལྷ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་བྷང་ལོར་དུ་འབྱོར་བ།རྒྱ་གར་ལྷ་ཕྱོགས་ཁུལ་གྱི་བདེན་པའི་མེ་ལྕེ་བྷང་ལོར་དུ་འབྱོར་བ།

གསུང་བཤད་ཀྱི་ལས་རིམ་གྲུབ་མཚམས། ས་གནས་གཞོན་ལྷན་དང་། སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ་ SFT གཉིས་ཀྱི་ཚོགས་མི་འགས་རང་དབང་གི་གླུ་གཞས་ཁག་གཅིག་ལེན་པ་དང་། བོད་ནང་རང་ལུས་མེར་སྲེག་བཏང་བའི་སྐོར་བརྙན་འཕྲིན་ཞིག་གཟིགས་འབུལ་ཞུས་པ་དང་། དེ་ནས་བོད་ཁྱིམ་སློབ་ཕྲུག་སྡོད་ཁང་གི་འགན་འཛིན་དོན་གྲུབ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་མཛད་སྒོ་རྒྱལ་ཁའི་ངང་གྲོལ་བ་དང་། ཟླ་ ༨ ཚེས་ ༡༧ ནས་ ༢༢ བར་བདེན་པའི་མེ་ལྕེ་བྷང་ལོར་ཁུལ་བོད་མིའི་བསྟི་གནས་ཁག་ཏུ་སྐོར་བསྐྱོད་བྱ་རྒྱུ་དང་། བྷང་ལོར་རང་དབང་སྐྱེད་ཚལ་ Freedom Park དུ་སྐོར་བསྐྱོད་ལས་འགུལ་སྤེལ་རྒྱུ། དེ་བཞིན་བྷང་ལོར་ཁུལ་དུ་ཆགས་པའི་མཐོ་སློབ་ཁག་ཏུ་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བགྲོ་གླེང་དང་ས་རྟགས་བསྡུ་རུབ་ཀྱིས་མཚོན་ལས་འགུལ་སྣེ་མང་སྤེལ་གནང་རྒྱུ་ཡིན་པ་རེད་འདུག

Menu