རྒྱ་གར་རྒྱལ་ས་ལྡི་ལིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་མཇུག་སྒྲིལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས་སྤེལ་བའི་གསར་འགོད་གསལ་བསྒྲགས།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ།

(༢༠༡༢ ཟླ་ ༧ ཚེས་ ༦ ནས་ཟླ་ ༡༢ ཚེས་ ༡༠ བར།)

རྒྱ་གར་རྒྱལ་ས་ལྡི་ལིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་མཇུག་སྒྲིལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས།རྒྱ་གར་རྒྱལ་ས་ལྡི་ལིར་བདེན་པའི་མེ་ལྕེ་སྐོར་བསྐྱོད་མཇུག་སྒྲིལ་དང་འབྲེལ་བའི་གསར་འགོད་ལྷན་ཚོགས་སྐབས།

༄༅།། རྒྱ་ནག་དམར་པོའི་གཞུང་གིས་བོད་དུ་བཙན་འཛུལ་དྲག་གནོན་བྱས་པ་ནས་ད་ལྟའི་བར་གྱི་ལོ་ངོ་དྲུག་ཅུ་ལྷག་གི་རིང་། བོད་ཐོག་འཛིན་པའི་གདུག་རྩུབ་མཁྲེགས་འཛིན་ཅན་གྱི་སྲིད་བྱུས་ལ་འགྱུར་བ་མེད་པར། བོད་ཀྱི་སྣོད་བཅུད་ཡོངས་རྫོགས་བཙན་བཟུང་གིས་བོད་མི་རྣམས་དམར་གསོད་དང་། བཙོན་འཇུག གཅར་རྡུང་། སུན་བཙིར་སོགས་ཀྱིས་མཚོན་པའི་སྡུག་སྦྱོང་མནར་གཅོད་ཀྱི་དྲག་གནོན་མཚམས་འཇོག་བྱས་མེད་པར། རང་རིགས་རྣམས་ཀྱིས་ཀྱང་ཆོས་རིག་སྐད་ཡིག་དང་བཅས་པའི་མི་རིགས་ཀྱི་བླ་སྲོག་ལ་གཅེས་སྐྱོང་གང་ཐུབ་ཀྱིས་བདེན་པའི་འཐབ་རྩོད་རྒྱུན་སྐྱོང་གནང་དང་གནང་བཞིན་ཡོད།

ལྷག་པར་ཕྱི་ལོ་ ༢༠༠༨ ལོ་ནས་བཟུང་བོད་ས་ཡོངས་སུ་རྒྱ་དམར་དྲག་དམག་གིས་དམར་གསོད་བཙོན་འཇུག་སོགས་ཀྱི་སྡུག་སྦྱོང་མནར་གཅོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་པའི་ཉེར་ལེན་ལ་བརྟེན། བོད་མི་རྣམས་ཀྱིས་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུའི་སྡུག་བསྔལ་བཟོད་མ་ཐུབ་པར་བོད་དོན་བདེན་མཐའ་གསལ་ཆེད་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་འདྲེན་ཞུ་ཐབས།  མྱོང་བཞིན་པའི་སྡུག་བསྔལ་རྣམས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་གཞུང་སྒེར་ཚོགས་སྡེ་ཁག་ལ་སྙན་གསན་དང་། སེམས་ཁོང་གི་སྡུག་བསྔལ་དང་མངོན་འདོད་ཕྱིར་བསྒྲགས་བྱེད་པའི་དན་རྟགས་སུ་རང་ལུས་མེར་སྲེག་གཏོང་མཁན་རྒྱུན་ཆད་མེད་པ་བྱུང་དང་འབྱུང་བཞིན་པ་སོགས་ད་ལྟ་ང་ཚོས་ཤེས་རྟོགས་བྱུང་བར་ཕྱི་ལོ་ ༢༠༠༩ ནས་འདི་ལོའི་ཟླ་ ༡༢ ཚེས་ ༦ བར་རང་ལུས་མེར་སྲེག་གཏོང་མཁན་བོད་མི་ ༩༢ བྱུང་བ་དང་བོད་མི་ ༧༧ འདས་གྲོངས་སུ་གྱུར་ཡོད་པ་བཅས་བོད་ནང་གི་ད་ལྟ་གནས་སྟངས་ཆེས་ཛ་དྲག་ཅན་དུ་གྱུར་དང་འགྱུར་བཞིན་ཡོད།

བོད་ནང་གི་ཛ་དྲག་གནས་བབ་ལ་གཞིགས་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་གཞི་རྒྱ་ཆེ་བའི་ལས་འགུལ་ཕྱི་ལོ་ ༢༠༡༢ ཟླ ༧ ཚེས ༦ སྟེ་༸གོང་ས་ལྷ་མིའི་རྣམ་འདྲེན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་སྐུའི་འཁྲུངས་ལྷ་དབྱར་གསོལ་ཉིན་དངོས་སུ་འགོ་འཛུགས་ཞུས་ཡོད། ལས་འགུལ་འདི་བཞིན་སང་ཟླ་ ༡༢ ཚེས་ ༡༠ སྟེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མཇུག་སྒྲིལ་ཞུ་རྒྱུ་ཡིན་པ་མ་ཟད། འཛམ་གླིང་ཁྱོན་ཡོངས་སུ་གནས་པའི་བོད་མི་དང་བོད་མིའི་གྲོགས་པོ་རྣམས་ནས་སང་བོད་དོན་ཐོག་རྒྱལ་སྤྱིའི་གདུང་སེམས་བསྐྱེད་ཀྱི་ཉིན་མོ་ཡང་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད།

བདེན་པའི་མེ་ལྕེ་སྐོར་བསྐྱོད་ཀྱི་ལས་འགུལ་འདི་བཞིན་འཛམ་གླིང་འདིའི་གླིང་ཕྲན་ལྔའི་རྒྱལ་ཁབ་ ༣༠ ལྷག་ནང་སྐོར་བསྐྱོད་བྱས་ཡོད་དང་། འདས་པའི་ཟླ་བ་ལྔའི་དུས་ཡུན་ནང་བོད་དོན་ཆེད་ས་རྟགས་གསུམ་འབུམ་ཉིས་ཁྲི་ཆིག་སྟོང་ལྷག་ཙམ་བསྡུ་རུབ་ཞུས་ཡོད་པ་དང་། མཚན་རྟགས་འགོད་མཁན་ཁོངས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། གྲོས་ཚོགས་འཐུས་མི། མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་དང་འཐུས་མི། གྲོང་ཁྱེར་སྤྱི་ཁྱབ། ཤེས་ཡོན་མི་སྣ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ། ལས་འགུལ་བ། སློབ་ཕྲུག མི་མང་དཀྱུས་མ་སོགས་ཡོད། ང་ཚོར་དྲ་རྒྱའི་བརྒྱུད་ས་རྟགས་གསུམ་ཁྲི་ལྷག་ཙམ་བཅས་ཁྱོན་འཛམ་གླིང་རྒྱལ་ཁབ་ ༩༠ ལྷག་ནས་མཚན་རྟགས་བསྡོམས་གསུམ་འབུམ་ལྔ་ཁྲི་ཆིག་སྟོང་ལྷག་ཙམ་བྱུང་ཡོད་པ་རྣམས་དེབ་གྲངས་ ༡༡༧ ནང་ཕྱོགས་སྒྲིག་གིས་ཟླ་ ༡༢ ཚེས་༡༠ ཉིན་ནིའུ་ཡོག་རྒྱལ་ཚོགས་ལས་ཁུངས་དང་། ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས། དེ་བཞིན་རྒྱ་གར་ནང་རྟེན་གཞི་བྱས་པའི་རྒྱལ་ཚོགས་ཀྱི་ཡན་ལག་ལས་ཁུངས་སོ་སོར་ཉིན་བརྒྱ་དུས་གཅིག་ཏུ་ཕུལ་ཏེ་ལས་འགུལ་མཇུག་བསྡོམས་ཞུ་རྒྱུ་ཡིན། ལས་འགུལ་གྱི་དགོས་འདུན་ཁག་ནི།

 

  • ༡༽      ཕྱི་ལོ་ ༡༩༥༩། དང་། ༡༩༦༡། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་སླར་ཡང་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་དགོས་པ།
  • ༢༽      བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་རྟོག་ཞིབ་སླད་རང་དབང་ཅན་གྱི་རྒྱལ་སྤྱིའི་སྐུ་ཚབ་ཁག་ཅིག་འཕྲལ་གཏོང་དགོས་པ།
  • ༣༽     བོད་ནང་གི་བོད་མིའི་མངོན་འདོད་བསྒྲུབ་རྒྱུར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དམིགས་བསལ་འགན་འཁུར་བཞེས་དགོས་པ།

 

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་བདེན་པའི་མེ་ལྕེ་སྐོར་བསྐྱོད་ལས་འགུལ་ཚོགས་ཆུང་ནས་ཕྱི་ལོ ༢༠༡༢ ཟླ་ ༡༢ ཚེས ༩ ལ།།