རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་གཉིས་ཀྱི་ཚོགས་མི་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༩ པའི་ཚེས་ ༢༡ ཉིན་གྱི་སྔ་དྲོ་རྒྱ་གར་རྒྱལ་ཡོངས་སྤྱི་ཚོགས་ཞབས་ཞུ་ཚོགས་པ་ (Rashtriya Swayamsewak Sangh) དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Bharat Tibbat Sangh) བཅས་གཉིས་ཀྱི་ཚོགས་མི་ཁག་ཅིག་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་སྤྱི་འཐུས་ལྷན་ཁང་དུ་ཕེབས་སྐབས། དཔལ་ལྡན་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་སྤྱི་འཐུས་རྒྱུན་ལས་ཚོགས་ཁང་ནང་སྣེ་ལེན་མཇལ་འཕྲད་གནང་སོང་།

སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་འཚམས་འདྲི་དང་སྦྲགས་གསུངས་དོན་སྙིང་པོར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་ལམ་སྟོན་འོག ཕྱི་ལོ་ ༡༩༦༠ ཟླ་ ༩ པའི་ཚེས་ ༢ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་གནང་བ་ནས་བཟུང་ད་བར་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་བྱུང་སྐོར་ངོ་སྤྲོད་དང་། དེ་བཞིན་བོད་ནང་རྒྱ་ནག་དམར་གཞུང་གིས་བོད་མི་རྣམས་ཀྱི་ཆོས་དད་རང་དབང་དང་། སྐད་ཡིག་བཀོལ་སྤྱོད་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ཡོངས་སུ་འཕྲོག་སྟེ་སྡུག་སྦྱོང་མནར་གཅོད་མུ་མཐུད་གཏོང་བཞིན་ཡོད་པ་དང་། བྱིས་པ་ས་ཡ་གཅིག་ལྷག་རྒྱ་ནག་དམར་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་བཙན་ཤེད་ཐོག་སློབ་འཇུག་བྱེད་བཅུག་སྟེ། བོད་མི་རྣམས་རྒྱ་རིགས་སུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་སོགས་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད།

སྤྱི་འཐུས་རྣམ་པ་རྒྱ་གར་མངའ་སྡེ་ཁག་ནང་ཆ་བགོས་ཀྱིས་བོད་དོན་སྐོར་ཞུ་སྐུལ་གནང་བཞིན་ཡོད་པའི་སྐོར། བོད་ཀྱི་གནད་དོན་དེ་བཞིན་རྒྱ་གར་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གལ་གནད་ཇི་ཙམ་ཆགས་ཀྱི་ཡོད་པ། ཉེ་ཆར་དཔལ་འབྱོར་ཡར་ཐོན་ཅན་གྱི་རྒྱལ་ཁབ་ ༢༠ ཡི་ཚོགས་འདུ་རྒྱ་གར་རྒྱལ་ས་ལྡི་ལིར་བསྐོང་ཚོགས་གནང་སྐབས་དཔལ་ལྡན་ཚོགས་གཙོ་མཆོག་གི་མཚན་ཐོག་ནས་བོད་དོན་ཞུ་སྐུལ་ཡི་གེ་བཏང་བའི་སྐོར་སོགས་གསུངས་གནང་བ་དང་། དེ་བཞིན་སྐུ་མགྲོན་རྣམ་པས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་ནང་བོད་དོན་ཐོག་ལས་དོན་གནང་ཕྱོགས་སྐོར་ལ་བཀའ་འདྲི་ཞུས་སྐབས། དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་ཀྱི་སྐོར་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་འབྲེལ་མཐུད་ལྷན་ཚོགས་ (INPaT) ཀྱི་སྐོར་སོགས་ཀྱི་ཐོག་གསུངས་གནང་སོང་།

རྒྱ་གར་གྱི་སྐུ་ཚབ་ཚོགས་ཆུང་ནས་བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་དང་། ཕྱག་ལས་གནང་རྒྱུར་སྤོབས་པ་ཆེན་པོ་ཡོད་གནས་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་མུ་མཐུད་རྒྱབ་སྐྱོར་གནང་རྒྱུའི་ཞལ་བཞེས་བཅས་གནང་རྗེས། ཁོང་རྣམ་པའི་ཚོགས་པའི་སྐོར་ངོ་སྤྲོད་དང་། མ་འོངས་པར་མཉམ་རུབ་ཐོག་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་སོང་།

གཞན་ཡང་སྐུ་མགྲོན་རྣམ་པ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་ཟུར་ཉན་དུ་ཕེབས་ཤིང་། སྐབས་དེར་གྲོས་ཚོགས་ནས་དགའ་བསུ་ཞུས་གནང་ཡོད་པ་བཅས། །