རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པའི་དུས་ཆེན་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྒྱུན་ལས་གཉིས་མཉམ་ཞུགས་གནང་བ།


 ༄༅། །ཕྱི་ལོ་ ༢༠༢༠ ཟླ་  ༨ ཚེས་ ༡༥ རེས་གཟའ་སྤེན་པའི་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༥༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༧༤ པའི་དུས་ཆེན་སྲུང་བརྩིའི་མཛད་སྒོ་གཟབ་རྒྱས་ངང་ཚོགས་གནང་སོང་།

སྐབས་དེར་ཧི་མ་ཅཱལ་ཀངྒ་རྫོང་སྡེ་ལས་ཁུངས་ནས་མགྲོན་འབོད་གནང་དོན་ལྟར། མཛད་སྒོའི་སྐུ་མགྲོན་དུ་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་བློ་བཟང་སེངྒེ་མཆོག་དང་། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག སྤྱི་འཐུས་རྒྱུན་ལས་དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་མཆོག སྤྱི་འཐུས་རྒྱུན་ལས་གེ་བ་ཚང་ངག་དབང་ཐར་པ་མཆོག་བཅས་ཆེད་ཕེབས་གནང་བ་དང་།

དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་པར་མར་ (Shri Vipin Parmar, Speaker of the Himachal Pradesh Legislative Assembly) མཆོག་དང་། རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་ (Shri Vishal Nehria, MLA Dharamshala) མཆོག ཧི་མ་ཅཱལ་མངའ་སྡེའི་འཆར་འགོད་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ར་མེ་ཤི་དྷ་ཝ་ལ་ (Shri Ramesh Chand Dhawala, Deputy Chairman, Planning Commission) མཆོག ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ (Shri Rakesh Kumar Prajapati) མཆོག་སོགས་ཕེབས་གནང་འདུག

དེ་ཡང་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་བ་དང་། དེ་རྗེས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་གནང་གྲུབ་མཚམས། ས་གནས་མི་མང་དང་། བོད་ཀྱི་ཟློས་གར་ཚོགས་པས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་པར་མར་མཆོག་ལ་འཚམས་འདྲིའི་མཇལ་དར་ཕུལ་གནང་བ་དང་། དེ་ནས་མཛད་སྒོ་གྲོལ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་གཙོས་སྤྱི་འཐུས་རྣམ་པས་སྐུ་ཞབས་ཁོང་ཟུར་དུ་མཇལ་འཕྲད་དང་། དེ་བཞིན་རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་མཆོག་དང་ལྷན་མཇལ་འཕྲད་ཀྱིས་འབྱུང་འགྱུར་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་གནང་ཡོང་བའི་རེ་སྐུལ་ཞུས་གནང་ཡོད་པ་བཅས། །


Menu