༄༅། ། རྒྱ་གར་གུ་ཇུ་ར་ཊ་ (Gujurat) མངའ་སྡེའི་ནང་རྟེན་གཞི་བྱས་པའི་འགོ་ཁྲིད་དང་འཛིན་སྐྱོང་ཤེས་ཡོན་བསྟི་གནས་ཁང་ (Institute of Leadership &Governance, Maharaja Sayajirao University of Baroda) ནས་ཡིན་པའི་རྒྱ་གར་མངའ་སྡེ་ཁག་དྲུག་གི་སློབ་གཉེར་བ་ཁག་ཅིག་ཉིན་བཞིའི་རིང་རྡ་ས་ས་གནས་སུ་སྦྱོང་བརྡར་ (Field Study) ཆེད་སླེབས་པ་དང་བསྟུན། ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༢།༡༥ ཙམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་བསྐོར་ཕེབས་གནང་ཡོད།
སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་ནས་མཇལ་འཕྲད་གནང་བ་དང་སྦྲགས། ཁོང་རྣམས་ལ་བོད་ཀྱི་འདས་པའི་ལོ་རྒྱུས་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་བབ། བོད་དང་རྒྱ་གར་དབར་ལོ་རྒྱུས་ཐོག་ནས་འབྲེལ་བ་ཇི་ཡོད། བོད་ནང་རྒྱ་ནག་གཞུང་གིས་མཁྲེགས་འཛིན་གྱི་སྲིད་བྱུས་མུ་མཐུད་ལག་བསྟར་བྱས་རྐྱེན་བོད་མི་རྣམས་མི་བཟོད་པར་རང་ལུས་མེར་བསྲེགས་གཏོང་བཞིན་ཡོད་པའི་སྐོར། དེ་བཞིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐོར། བོད་མིའི་མངོན་འདོད་གཉིས་ཕན་དབུ་མའི་ལམ་གྱི་ངོ་སྤྲོད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་བ་མ་ཟད། ཁོང་རྣམས་ལ་བོད་ཀྱི་ལོ་རྒྱུས་ཤེས་པའི་ཐོག་ནས་བོད་མིའི་འཐབ་རྩོད་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་སྐུལ་དང་། མ་འོངས་པར་འགོ་ཁྲིད་ཡག་པོ་ཞིག་ཆགས་པའི་རེ་བ་ཞུས་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །