རྒྱ་གར་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་སློབ་ཕྲུག་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ།

༄༅། །༸གོང་ས་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ཀུན་ཕན་བདེ་རྩ་ནས་ལོ་ལྟར་རྒྱ་གར་མཐོ་སློབ་ཁག་འདྲ་མིན་ནང་སློབ་གཉེར་གནང་བཞིན་པའི་རྒྱ་གར་སློབ་ཕྲུག་རྣམས་བཞུགས་སྒར་རྡ་སར་བོད་པའི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་ལ་གོ་རྟོགས་ཆེད་ཉིན་གྲངས་ཉི་ཤུ་ལྷག་ཙམ་གྱི་རིང་གུ་རུ་ཀུལ་ (Gurukul Programme) ལས་རིམ་ཞིག་གོ་སྒྲིག་གནང་བཞིན་ཡོད་པ་ལྟར། འདི་ལོའི་གུ་རུ་ཀུལ་ལས་རིམ་ཐེངས་ ༢༥ པའི་ཐོག་འཛུལ་ཞུགས་གནང་མཁན་རྒྱ་གར་མཐོ་སློབ་ཁག་ ༡༦ གི་སློབ་གཉེར་བ་གྲངས་ ༢༨ ཉིན་རྒྱབ་ཆུ་ཚོད་ ༢།༠༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་གཟིགས་སྐོར་ཕེབས་སྐབས་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གྲོས་ཚོགས་ཀྱི་ཚོགས་ཁང་དུ་མཇལ་འཕྲད་གནང་ཡོད།

སྐབས་དེར་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བཙན་བྱོལ་བོད་མིའི་མང་གཙོའི་དམིགས་བསལ་ཁྱད་ཆོས་སྲིད་དོན་ཚོགས་པ་མེད་པའི་ཁེ་ཕན་སྐོར་དཔེ་མཚོན་དང་བཅས་པ།  བཅའ་ཁྲིམས་དང་རྩ་ཁྲིམས་གཉིས་ཀྱི་ཁྱད་པར། བཙན་བྱོལ་ནང་བཅའ་ཁྲིམས་ཇི་ལྟར་གཏན་འབེབས་གནང་ལུགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ།  དེ་བཞིན་ཕྱི་ཟླ་གསུམ་པའི་སྔོན་རྩིས་ཚོགས་དུས་དང་། ཕྱི་ཟླ་དགུ་པའི་ལོ་འཁོར་ལས་བསྡོམས་དང་སྤྱིར་བཏང་ཚོགས་དུས་བཅས་གྲོས་ཚོགས་ཚོགས་དུས་གཉིས་ཀྱི་སྐོར། སྤྱི་འཐུས་རྒྱུན་ལས་དང་། མང་ཚོགས་རྩིས་ཁྲའི་ཚོགས་ཆུང་སོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཆུང་ཁག་ངོ་སྤྲོད། བཙན་བྱོལ་ནང་བོད་མི་ཚོས་རང་གི་སྒྲིག་འཛུགས་ལ་དང་བླངས་དཔྱ་དངུལ་འབུལ་སྲོལ་ཇི་ལྟར་འགོ་འཛུགས་གནང་བའི་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྗེས། སློབ་ཕྲུག་རྣམ་པས་འོས་བསྡུ་དང་འབྲེལ་བའི་དྲི་བ་སོགས་ཕུལ་བར་དཔལ་ལྡན་ཚོགས་གཙོ་མཆོག་གིས་ལན་འདེབས་གསལ་བཤད་གནང་སོང་བ་བཅས། །