རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༢ པ་སྔ་ནུར་གྱིས་སྲུང་བརྩི་ཞུས་པའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་ཀྱིས་གསུང་བཤད་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༢ ཉིན་བཞུགས་སྒར་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་བོད་ཀྱི་གསོལ་མགྲོན་ཁང་དུ་རྒྱ་གར་གྱི་རྒྱལ་དར་ལ་གུས་འདུད་ (Salute Tiranga) ཅེས་པའི་ཚོགས་པས་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༢ པ་སྔ་ནུར་གྱིས་སྲུང་བརྩི་ཞུས་གནང་སོང་།

དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུགས་མ་གནང་སྔོན་མཛད་སྒོའི་སྐུ་མགྲོན་གཙོ་བོ་ (Salute Tiranga) ཞེས་པའི་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇེ་ཤི་ཇཱ་ (Rajesh Jha) མཆོག་གིས་གཙོས་པའི་སྐུ་མགྲོན་ཁག་ཅིག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཁོང་གི་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་སྐོར་དང་། རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་། རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ། དེ་བཞིན་ཚོགས་ཆེན་རིམ་པ་དང་། འཛམ་གླིང་ནང་ད་བར་བོད་དོན་ཐོག་གྲོས་ཆོད་བརྒྱ་ལྷག་བཞག་ཡོད་པའི་སྐོར། བོད་ནང་རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་མུ་མཐུད་གདུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་ཡོད་སྟབས། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་ནང་བོད་མི་ ༡༥༥ ཡིས་རང་ལུས་མེར་བསྲེགས་ཕུལ་བའི་སྐོར། བོད་ནང་བཙན་དབང་ཐོག་བོད་རིགས་རྣམས་ངལ་རྩོལ་བསྒྱུར་བཀོད་བྱེད་བཅུག་གི་ཡོད་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་སྙིང་བསྡུས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་ཆབ་སྲིད་དང་འབྲེལ་བའི་དཔེ་དེབ་དང་ཡིག་ཆ་ཁག་རེ་རེ་བཞིན་འགྲེལ་བརྗོད་དང་སྦྲགས། ཁོང་རྣམས་ལ་ཕུལ་གནང་རྗེས། ཁོང་རྣམས་གྲོས་ཚོགས་ཚོགས་ཁང་ནང་གཟིགས་སྐོར་ཕེབས་གནང་ཡོད། རིམ་པས་ཁོང་རྣམ་པས་དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་དང་མཇལ་འཕྲད་དང་། བོད་ཀྱི་དཔེ་མཛོད་ཁང་དང་སྨན་རྩིས་ཁང་ལ་གཟིགས་སྐོར་ཕེབས་གནང་ཡོད།

ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག་མཛད་སྒོ་དངོས་གཞི་དབུ་འཛུགས་གནང་བ་དང་། སྐབས་དེའི་མཛད་སྒོའི་སྐུ་མགྲོན་གཙོ་བོར་ (Salute Tiranga) ཚོགས་པའི་ཚོགས་གཙོ་སྐུ་ཞབས་ར་ཇེ་ཤི་ཇཱ་ (Rajesh Jha) མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག གཞན་ཡང་སྐུ་མགྲོན་དུ་པན་ཇབ་མངའ་སྡེ་ནས་ཡིན་པའི་གནད་ཡོད་མི་སྣ་གཉིས། རྡ་ས་གྲོང་སྡེ་ལས་ཁུངས་ཀྱི་སྤྱི་ཁྱབ་གཞོན་པ་སྐུ་ཞབས་ཨོན་ཀར་ནེ་རི་ཡ་ (Shri.Onkar Nehria,Deputy Mayor of Dharamshala Municipal Corporation) མཆོག ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ། བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཤི་ཝ་ལ་ཡ་ (Rishi Walia) མཆོག རྡ་ས་ས་གནས་འགོ་འཛིན། ས་གནས་བོད་མིའི་དགོན་སྡེ་དང་སློབ་གྲྭ་ཁག་ཅིག་གི་སྐུ་ཚབ། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ས་གནས་རྒྱ་གར་གྱི་ཡུལ་མི། རྡ་སར་གནས་སྡོད་བོད་མི། ཕྱི་ནང་གི་གསར་འགོད་པ་སོགས་མི་གྲངས་ ༡༠༠ ལྷག་འཛོམས་གནང་འདུག

སྐབས་དེར་སྐུ་མགྲོན་གཙོ་བོ་མཆོག་གིས་ཐོག་མར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཁོང་རྣམ་པའི་ཚོགས་པའི་ངོས་ནས་འབྱུང་འགྱུར་བོད་དོན་དང་འབྲེལ་བའི་ཚོགས་འདུ་ཆེན་པོ་ཞིག་གོ་སྒྲིག་གནང་འཆར་ཡོད་པ་དང་། ཁོང་རྣམ་པ་རྒྱ་གར་རྒྱལ་ཡོངས་ནང་སྐོར་བསྐྱོད་གནང་སྐབས་འདུ་འཛོམས་སོགས་ཚོགས་འདུ་ཚང་མའི་ནང་བོད་ཀྱི་གནད་དོན་སྐོར་གལ་ཆེར་བརྩིས་ནས་གླེང་སློང་བྱེད་ཀྱི་ཡིན་སྐོར་སོགས་ཚོགས་པའི་ངོས་ནས་མ་འོངས་པར་བོད་དོན་སྐོར་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱ་རྒྱུའི་ཞལ་བཞེས་དང་། དེ་ཡང་ཁ་ནས་བཤད་པ་ཙམ་མ་ཡིན་པར་དོན་དག་ངོ་མའི་ཐོག་ནས་ལག་ལེན་བསྟར་གྱི་ཡིན་ཞེས་གསུངས་པ་དང་། དེ་བཞིན་བོད་པ་ཚོས་རྒྱ་གར་གྱི་རྒྱལ་དར་དང་། རིག་གཞུང་ལ་གུས་བརྩི་ཆེན་པོ་གནང་བཞིན་ཡོད་དུས་རྒྱ་གར་བ་ཚོས་བོད་པ་ཚོར་མཐུན་འགྱུར་རྒྱབ་སྐྱོར་གནང་རྒྱུ་ནི་རང་བཞིན་གྱི་ལས་འགན་ཆགས་ཡོད་སྐོར་དང་། བོད་མིའི་རང་དབང་འཐབ་རྩོད་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཆགས་བསྡད་ཀྱི་ཡོད་པ་སོགས་གསུངས་གནང་སོང་།


གཞན་ཡང་སྐུ་ཞབས་ཁོང་གིས་སྔ་དྲོ་དཔལ་ལྡན་ཚོགས་གཞོན་མཆོག་དང་ལྷན་མཇལ་འཕྲད་གནང་བའི་ཐོག་ནས་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་གྲགས་ཅན་སྐུ་ཞབས་ཇཱཡཱ་པར་ཀཱཤ་ན་ར་ཡན་ (Jai Prakash Narayan) མཆོག་གིས་བོད་སྐྱོབས། ཧི་མ་ལ་ཡ་སྐྱོབས་གསུངས་ཡོད་པའི་གནས་ཚུལ་དང་། རྒྱ་གར་གྲོས་ཚོགས་འཐུས་མི་མང་པོས་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་བོད་དོན་སྐོར་གླེང་སློང་གནང་ཡོད་པ་སོགས་བོད་དོན་སྐོར་གང་ཙམ་མཁྱེན་རྟོགས་བྱུང་ཞེས་གསུངས་གནང་སོང་།

དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་མཛད་སྒོར་ཕེབས་པའི་སྐུ་མགྲོན་ཡོངས་ལ་འཚམས་འདྲི་དང་སྦྲགས་གསུང་དོན། སྤྱིར་འཛམ་གླིང་ནང་རྒྱལ་ཁབ་ ༢༥༠ ཙམ་ཡོད་པ་དང་། དེ་ཡང་རྒྱལ་ཁབ་ ༡༢ མ་གཏོགས་གཞན་ཚང་མ་མང་གཙོའི་ལམ་ལུགས་ཀྱི་རྒྱལ་ཁབ་རེད། འཛམ་གླིང་ནང་རང་དབང་མེད་པའི་རྒྱལ་ཁབ་ ༣༥ ཡོད་པའི་ཁོངས་ནས་བོད་དེ་གཅིག་རེད། རང་དབང་ཡོད་མེད་ལ་མ་ལྟོས་པར། རྒྱལ་ཁབ་ཚང་མར་སོ་སོའི་ངོ་བོ་མཚོན་རྒྱུར་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་བཞི་ཡོད། དེ་དག་ནི་མི་སེར་དང་། ས་ཁྱོན། སྲིད་གཞུང་། བླ་ན་མེད་པའི་དབང་ཚད་བཅས་ཡིན། བླ་ན་མེད་པའི་དབང་ཚད་ཐོག་གཙོ་བོ་ལྔ་ཡོད། རྒྱལ་ཁབ་ཀྱི་རྒྱལ་དར་དང་། རྒྱལ་གླུ། སྐད་ཡིག རྒྱལ་རྟགས། རྒྱལ་ཁབ་ཀྱི་དམིགས་བསལ་གྱི་ཉིན་མོ་བཅས་རེད། ཆ་རྐྱེན་དེ་རྣམས་རྒྱལ་ཁབ་ཚང་མར་གཅིག་མཚུངས་ཡོད་ཅིང་། རྒྱ་གར་ལའང་དེ་ལྟར་ཡོད་རེད།

ང་ཚོ་བོད་ལ་ཆ་བཞག་ན། རྒྱལ་ཁབ་ཀྱི་ངོ་བོ་མཚོན་ཆེད་ཆ་རྐྱེན་དེ་དག་ཚང་མ་ཡོད་ཀྱང་། རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྐྱེན་ང་ཚོ་བཙན་བྱོལ་ལ་གནས་དགོས་པ་ཆགས་ཡོད། བོད་ནང་གཞིས་བཞུགས་བོད་མི་སེར་སྐྱ་དབྱེར་མེད་རྒན་གཞོན་དར་གསུམ་གྱིས་༧གོང་ས་མཆོག་གི་སྐུ་པར་དང་། བོད་ཀྱི་རྒྱལ་དར་བསྣམས་ནས་རྒྱ་དམར་གཞུང་ལ་ཞི་རྒོལ་བྱས་དང་བྱེད་བཞིན་ཡོད། བཙན་བྱོལ་སྤྱི་ཚོགས་ནང་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་འཁྲིད་འོག་བོད་མི་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ཙམ་ཡོད་པ་དང་། གཞན་བོད་མི་ས་ཡ་བཞི་དང་ལྷག་ཙམ་བོད་ནང་བཞུགས་ཡོད། ང་ཚོ་བཙན་བྱོལ་ལ་སླེབས་ནས་ད་བར་ལོ་ངོ་ ༦༡ ཙམ་འགྲོ་བཞིན་ཡོད་པ་དང་། དེའི་རིང་གཙོ་བོ་༧གོང་ས་མཆོག་དང་། རྒྱ་གར་གཞུང་མང་གཉིས་ཀྱི་བཀའ་དྲིན་དང་། མི་ཐོགས་རྒན་པ་རྣམ་པས་སྐུ་ངལ་བཅས་བསྐྱོན་པར་བརྟེན་ནས། བོད་ཀྱི་གནད་དོན་ནི་རྒྱལ་སྤྱིའི་སྟེང་སླེབས་ཐུབ་པ་མ་ཟད། ད་ཆ་འཛམ་གླིང་ཡོངས་ཁྱབ་ཆགས་ཡོད་པར་སོང་། རྒྱ་གར་གཞུང་མང་གཉིས་ནི་བོད་མི་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་ཡིན།

བོད་ལ་རང་དབང་ཡོད་པའི་སྐབས་ལ་འཕགས་བོད་གཉིས་དབར་ཆོས་དང་། སྐད་ཡིག རིག་གཞུང་། ས་མཚམས། ཁོར་ཡུག ཚོང་འབྲེལ་སོགས་ཀྱི་འབྲེལ་བ་ཡོད་པ་མ་ཟད། བོད་ནི་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་གི་ཆུ་བོའི་འབྱུང་ཁུངས་ཡང་ཆགས་ཀྱི་ཡོད། འཕགས་བོད་གཉིས་ཀྱི་འབྲེལ་བ་ནི་ལོ་རྒྱུས་གཏིང་ཟབ་ཡོད་པའི་འབྲེལ་བ་ཞིག་རེད་མ་གཏོགས་པས། བཙན་བྱོལ་ནང་སླེབས་པའི་རྗེས་ལ་ཧོབ་སྟེ་འབྲེལ་བ་བྱུང་བ་ཞིག་མ་རེད། རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་དང་གནང་མུས་ཡིན་པ་དང་། ད་རེས་ཁྱེད་རྣམ་པས་མུ་མཐུད་སྔར་ལྷག་ནུས་པ་ལྡན་པའི་རྒྱབ་སྐྱོར་གནང་གི་ཡིན་ཞེས་གསུངས་པར་ངས་གཞིས་བྱེས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

སྤྱིར་ད་ལྟའི་ཆར་ཏོག་དབྱིབས་ནད་ཡམས་རྐྱེན་པས་འདུ་འཛོམས་བྱ་རྒྱུ་སོགས་ཁག་པོ་ཡོད་ཀྱང་། ཁྱེད་རྣམ་པ་འདིར་ཕེབས་ནས་བོད་ཀྱི་རྩ་དོན་ཆེད་མ་འོངས་པར་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འཆར་ཡོད་གནས་སོགས་བོད་དོན་རྒྱབ་སྐྱོར་གྱི་རྣམ་པ་གསལ་པོར་བསྟན་པ་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་བཞིན་གོ་སྐབས་འདི་བརྒྱུད་ཁྱེད་རྣམ་པས་ད་རེས་བོད་ཀྱི་དངོས་ཡོད་གནས་ཚུལ་གང་ཐོས་པ། གང་གཟིགས་པ་རྣམས་རྒྱ་གར་གྱི་སྲིད་བློན་མཆོག་གི་སྙན་དུ་གསོལ་རོགས་ཞུ་རྒྱུ་དང་། བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

ད་རེས་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་དེས་མི་མང་འབུམ་ཕྲག་མང་པོའི་ཚེ་སྲོག་འཕྲོག་ཡོད་པ་མ་ཟད། མི་རྒྱུ་གཉིས་ལ་ཧ་ལས་པའི་དཀའ་ངལ་ཆེན་པོ་བཟོས་ཡོད། དེ་ལྟ་བུ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུའང་བྱུང་མེད། དེ་སྔོན་ང་ཚོས་བོད་ནང་གི་དངོས་ཡོད་གནས་ཚུལ་དྲིལ་བསྒྲགས་ག་ཚོད་བྱས་ཀྱང་འཛམ་གླིང་མི་མང་ནས་དེ་ཙམ་གྱི་དོ་སྣང་དང་ཡིད་ཆེས་བྱེད་ཀྱི་མེད་ཀྱང་། ད་རེས་ནད་ཡམས་དེས་རྐྱེན་བྱས་ཏེ་འཛམ་གླིང་མི་མང་གིས་རྒྱ་དམར་གྱི་སྲིད་བྱུས་དང་། བྱ་སྤྱོད་ངན་པ་ཚང་མ་ཤེས་རྟོགས་བྱུང་ཡོད། དེར་བརྟེན་ད་ཆ་བོད་ཀྱི་གནད་དོན་ཐོག་རྒྱབ་སྐྱོར་གནང་མཁན་དེ་བས་ཇེ་མང་དུ་འགྲོ་བཞིན་ཡོད། དེས་མ་ཟད། བོད་ཀྱི་གནད་དོན་དེ་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་ཆེན་པོ་ཡོད། འཕགས་བོད་ས་མཚམས་ལ་རྒྱ་དམར་གཞུང་གིས་ག་དུས་ཡིན་ནའང་རྙོག་གྲ་བཟོ་གི་ཡོད། ས་མཚམས་ལ་རྒྱལ་ཁབ་སྲུང་སྐྱོབ་གནང་མཁན་མང་པོ་ཞིག་རྒྱལ་ཁབ་ཆེད་འདས་གྲོངས་སུ་ཕྱིན་ཡོད། ན་ནིང་བོད་མི་དྭང་ཞབས་པ་ཉི་མ་བསྟན་འཛིན་ལགས་ཀྱང་ས་མཚམས་སུ་རྒྱལ་སྲུང་ཆེད་འདས་གྲོངས་སུ་ཕྱིན་ཡོད་ཅེས་གསུངས་གནང་སོང་།

གཞན་ཡང་ཚོགས་པ་འདི་བརྒྱུད་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཆེ་བསྟོད་ཕྱག་རྟགས་ཤིག་ཕུལ་བ་དང་། དེ་བཞིན་བོད་པའི་འཐབ་རྩོད་ལ་ཕན་པའི་ཆེད་དུ་དཔལ་ལྡན་ཚོགས་གཞོན་མཆོག་ཚོགས་པ་འདིའི་སློབ་སྟོན་པར་བསྐོ་གཞག་གནང་སོང་། རྩ་བའི་སྔོན་ནས་ཚོགས་པ་དེར་སློབ་སྟོན་པ་བཅུ་གཅིག་ཡོད་འདུག་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་ནི་སློབ་སྟོན་པ་བཅུ་གཉིས་པ་དེ་ཆགས་ཀྱི་ཡོད་འདུག

ཕྱོགས་མཚུངས་༧སྐུའི་བླ་སྨན་དམ་པ་ཡེ་ཤེས་དོན་ལྡན་ལགས་དང་། ཁོང་གི་དགེ་ཕྲུག་སྨན་པ་གཉིས། དེ་བཞིན་ས་གནས་སྲི་ཞུ་བ་གཅིག་བཅས་ལ་ཆེ་བསྟོད་ཕྱག་རྟགས་ཕུལ་གནང་སོང་།

མཐར་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་རི་ཤི་ཝ་ལ་ཡ་ (Rishi Walia) ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས།   མཛད་སྒོ་རྒྱལ་ཁའི་ངང་གྲོལ་གནང་ཡོད་པ་བཅས། །