༄༅། །ཕྱི་ལོ་ ༢༠༢༣ ཟླ་ ༡ ཚེས་ ༢༦ ཉིན་གྱི་སྔ་དྲོ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༤ པ་སྲུང་བརྩི་མཛད་སྒོའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་རྒྱུན་ལས་ཚེ་རིང་དབྱངས་ཅན་མཆོག སྤྱི་འཐུས་རྒྱུན་ལས་བློ་བཟང་ཐུབ་བསྟན་མཆོག་བཅས་སྐུ་མགྲོན་དུ་ཆེད་ཕེབས་གནང་ཡོད།
དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ཞིང་ལས་བློན་ཆེན་སློབ་དཔོན་ཆེན་མོ་ཅན་དྷར་ ཀུ་མར་ (Professor Chander Kumar, Agriculture and Animal Husbandry Minister) མཆོག་དང་། གཞན་སྐུ་མགྲོན་དུ་མངའ་སྡེའི་གྲོས་ཚོགས་ཀྱི་ (Chief Parliamentary Secretary) སྐུ་ཞབས་ཀི་ཤོ་རི་ ལལ་ (Shri. Kishori Lal) མཆོག་དང་སྐུ་ཞབས་ཨ་ཤི་ཤ་ བྷུ་ཊེལ་ (Shri. Ashish Butail) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ཝལ་ པ་ཐ་ནཡེ་ (Shri. Kewal Pathania, MLA Shahpur) མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ལེན་དྷར་ རཱ་ཇཱན་ (Shri. Malender Rajan, MLA Indora) མཆོག རྡ་ས་རྫོང་སྡེ་ལས་ཁུངས་ཀྱི་ལས་བྱེད་དང་། ཉེན་རྟོག་དཔོན་སོགས་ཕེབས་གནང་འདུག
སྐབས་དེའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་རྒྱུན་ལས་རྣམ་པ་གཉིས་བཅས་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་ཞིང་ལས་བློན་ཆེན་སློབ་དཔོན་ཆེན་མོ་ཅན་དྷར་ ཀུ་མར་མཆོག་དང་། སྐུ་མགྲོན་མངའ་སྡེའི་གྲོས་ཚོགས་ཀྱི་ (Chief Parliamentary Secretary) སྐུ་ཞབས་ཀི་ཤོ་རི་ལལ་མཆོག་དང་སྐུ་ཞབས་ཨ་ཤི་ཤ་ བྷུ་ཊེལ་མཆོག མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཀེ་ཝལ་ པ་ཐ་ནཡེ་མཆོག་དང་སྐུ་ཞབས་མ་ལེན་དྷར་ རཱ་ཇཱན་མཆོག་བཅས་ལ་འཚམས་འདྲིའི་མཇལ་དར་ཕུལ་བ་དང་། ཆབས་ཅིག་གཞིས་བྱེས་བོད་མི་ཡོངས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། རྒྱ་གར་མང་གཙོའི་དུས་ཆེན་ལ་འཚམས་འདྲི་ཞུས་གནང་སོང་།