རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༢ པ་སྲུང་བརྩིའི་མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་སྐུ་མགྲོན་དུ་ཕེབས་པ།


༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༦ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་ཧི་མ་ཅཱལ་མངའ་སྡེའི་ཀངྒ་ར་རྫོང་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་སའི་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༢ པ་སྲུང་བརྩི་གཟབ་རྒྱས་ཞུས་གནང་སོང་།


སྐབས་དེར་ཧི་མ་ཅཱལ་ཀངྒ་རྫོང་སྡེ་ལས་ཁུངས་ནས་མགྲོན་འབོད་གནང་དོན་ལྟར། མཛད་སྒོའི་སྐུ་མགྲོན་དུ་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་རྣམ་གཉིས་ཆེད་ཕེབས་གནང་བ་དང་། དེ་བཞིན་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་པར་མར་ (Shri Vipin Parmar, Speaker of the Himachal Pradesh Legislative Assembly) མཆོག་དང་། གཞན་སྐུ་མགྲོན་དུ་ཀངྒ་ར་དང་ཅམ་པ་རྫོང་ཁྱབ་ཁོངས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་ (Kishan Kapoor, Member of parliament, Lok Sabha from Kangra and Chamba) མཆོག རྡ་རམ་ས་ལའི་ཧི་མཱ་ཅལ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ཝི་ཤལ་ནི་རི་ཡ་ (Shri Vishal Nehria, MLA Dharamshala) མཆོག ཀངྒ་ར་རྫོང་དཔོན་སྐུ་ཞབས་ར་ཀེཤ་ཀུ་མཱར་པྲ་ཇཱ་པ་ཏི་ (Shri Rakesh Kumar Prajapati) མཆོག རྡ་ས་ཉེན་རྟོག་དཔོན་སོགས་ཕེབས་གནང་འདུག

དེ་ཡང་མཛད་སྒོ་དངོས་གཞི་དབུ་འཛུགས་མ་གནང་སྔོན་སྐུ་མགྲོན་གཙོ་བོ་མཆོག་གིས་གཙོས་པའི་སྐུ་མགྲོན་རྣམ་པ་མངའ་སྡེའི་དམག་གི་དྲན་རྟེན་སྐྱེས་ཚལ་ (War Memorial Park) ནང་ཆེད་ཕེབས་ཀྱིས་ཞིང་གཤེགས་དཔའ་བོ་རྣམས་ལ་གུས་འདུད་ཞུས་གནང་སོང་།

སྐབས་དེར་ཐོག་མར་རྒྱ་གར་དམག་མི་ཟུར་པའི་ཚོགས་གཙོ་དང་། ཚོགས་གཞོན་རྣམ་གཉིས་ནས་དཔལ་ལྡན་ཚོགས་གཞོན་མཆོག་སྣེ་ལེན་ཞུས་པ་དང་། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཚོགས་གཞོན་ཀེ་སི་ཋ་ཀུར་ (K.C Thakur) ལགས་ལ་འབྱུང་འགྱུར་བོད་དོན་རྒྱབ་སྐྱོར་ཆེད་དམག་མི་ཟུར་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐུབ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།

དེ་ནས་སྐོར་སྲུང་ཉེན་རྟོག་ཐང་ཆེན་དུ་མཛད་སྒོ་དངོས་གཞི་དབུ་འཛུགས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་ནས་རྒྱ་གར་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་རྗེས། ཉེན་རྟོག་རུ་ཁག་གིས་རུ་སྒྲིག་གི་ལམ་ནས་ཆེ་མཐོང་ཞུས་གནང་།

དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གསུང་བཤད་དང་། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སྐབས་ཀངྒ་ར་རྫོང་ཁྱབ་ཁོངས་སྤྱི་ཚོགས་ཞབས་ཞུ་གནང་མཁན་རྣམ་པར་གཟེངས་རྟགས་དང་ཕྱག་ཁྱེར་གནང་བ་དང་། དེ་ཡང་བོད་མིའི་སྐུ་ཚབ་རྡ་ས་ས་གནས་འགོ་འཛིན་ལ་ཕྱག་ཁྱེར་གནང་སོང་། རིམ་པས་སྐུ་མགྲོན་གཙོ་བོ་མཆོག་དང་། སྐུ་མགྲོན་རྣམ་པ། དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་དང་། དཔལ་ལྡན་དཔལ་འབྱོར་བཀའ་བློན་མཆོག་བཅས་ནས་ཀངྒ་ར་རྒྱ་གྲམ་དམར་པོའི་ཚོགས་པ་ (Red Cross Society,Kangra) ཡིས་སྤྱི་ཚོགས་ཞབས་ཞུའི་ཆེད་གོ་སྒྲིག་ཞུས་པའི་རྒྱན་ཤོག་འཐེན་གནང་རྗེས། ས་གནས་མི་མང་ནས་རིག་གཞུང་འཁྲབ་སྟོན་གཟིགས་འབུལ་ཞུས་གནང་སོང་།

མཛད་སྒོའི་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། ཧི་མ་ཅཱལ་མངའ་སྡེ་དབུ་བརྙེས་ནས་ལོ་ངོ་ ༥༠ འཁོར་བ་དང་། དེ་བཞིན་རྒྱ་གར་མང་གཙོའི་དུས་ཆེན་ཐེངས་ ༧༢ དང་བསྟུན་ནས་སྐུ་མགྲོན་གཙོ་བོ་རྒྱ་གར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་ཚོགས་གཙོ་སྐུ་ཞབས་ཝི་པིན་པར་མར་མཆོག་ལ་འཚམས་འདྲིའི་མཇལ་དར་དང་། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ཐང་ཆུང་བ་ཞིག་ཕུལ་གནང་བ་དང་།

དེ་ནས་མཛད་སྒོ་གྲོལ་རྗེས་དཔལ་ལྡན་ཚོགས་གཞོན་མཆོག་གིས་སྐུ་ཞབས་ཁོང་དང་ལྷན་ཟུར་དུ་མཇལ་འཕྲད་ཀྱིས་འབྱུང་འགྱུར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཚོགས་སྐབས་མངའ་སྡེའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་ཡོང་བའི་རེ་སྐུལ་ཞུས་གནང་བར། སྐུ་ཞབས་ཁོང་ནས་སིམ་ལར་ཧི་མ་ཅཱལ་མངའ་སྡེའི་གྲོས་ཚོགས་འཚོགས་སྐབས་སྤྱི་ལྷན་སྐུ་ཚབ་ཕེབས་དགོས་པ་དང་། ཁོང་གིས་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། ཕྱོགས་འགལ་ཚོགས་པའི་དབར་བཀའ་བསྡུར་གནང་སྟེ་དེའི་ཐོག་འོག་གྲབས་གནང་རྒྱུ་ཡིན་སྐོར་གསུངས་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་ཧིན་ཡིག་ནང་ཡོད་པའི་ “བོད་ཀྱི་སྲིད་དོན་རྒྱལ་རབས།”ཀྱི་དཔེ་དེབ་ཅིག་འགྲེལ་བརྗོད་སྙིང་བསྡུས་དང་སྦྲགས་ཁོང་ལ་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་དང་།

དེ་ནས་མངའ་སྡེའི་རྫོང་དཔོན་མཆོག་དང་ལྷན་མཇལ་འཕྲད་ཀྱིས་བར་ལམ་རྡ་སའི་གཡས་གཡོན་ལ་ཐོ་རེངས་དང་དགོང་མོ་དོམ་གྱིས་ཉེན་ཁ་བཟོས་ཡོད་པར་བརྟེན། སྨན་རྩིས་ཁང་ནས་ཇོ་གི་ཝ་ར་བར་གྱི་རྒྱ་ལམ་ལ་གློག་གི་མཐུན་རྐྱེན་སྦྱར་གནང་ཡོང་བའི་རེ་སྐུལ་བཅས་ཞུས་གནང་བར། སྐུ་ཞབས་ཁོང་ནས་གནད་དོན་དེའི་ཐོག་ཐུགས་ཞིབ་གནང་རྒྱུའི་ཞལ་བཞེས་གནང་སོང་།

དེ་བཞིན་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀི་ཤན་ཀཱ་པུར་མཆོག་དང་ལྷན་མཇལ་འཕྲད་ཀྱིས་སྐུ་ཞབས་ཁོང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༡༥ ནས་ ༣༡ བར་སྔོན་རྩིས་གྲོས་ཚོགས་འཚོགས་སྐབས་གྲོས་ཚོགས་སུ་ཆེད་ཕེབས་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་བར། སྐུ་ཞབས་ཁོང་ནས་ཞལ་བཞེས་གནང་སོང་བ་བཅས། །

Menu