༄༅། ། ཕྱི་ལོ་ ༢༠༢༤ ཟླ་ ༦ པའི་ཚེས་ ༡༤ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཟུར་པ་སྐུ་ཞབས་རམ་ ཅཱན་དྷ་རཱ་ པུར་བྷེ་ (Dr. Ram Chandra Purbey, former Deputy Chairman of Bihar Vidhan Parishad) མཆོག་དང་། ཁོང་གི་སྐུ་ཟླ་ལྕམ་སྐུ་རན་ཇ་ན་ པུར་བྷེ་ (Dr. Ranjana Purbey) མཆོག བྷི་ཧར་ཨར་ཇེ་ཌི་སྲིད་དོན་ཚོགས་པའི་ཚོགས་མི་དང་། ས་གནས་ཧིན་བོད་མཛའ་བྲེལ་ཚོགས་པའི་རྒྱལ་ཡོངས་མགྲིན་ཚབ་པ་སྐུ་ཞབས་ཀེ་ བྷི་ པར་སཏ་ (K. B. Prasad, RJD member and National Spokesperson of India Tibet Friendship Society Bihar) མཆོག ཕྱག་རོགས་སྐུ་ཞབས་དྷི་ལིབ་ ཀུ་མར་ (Dilip Kumar) མཆོག་བཅས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་ཕེབས་པ་དང་། སྐབས་དེར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དང་། སྤྱི་འཐུས་རྒྱུན་ལས་བསྟན་འཛིན་འཇིགས་བྲལ་མཆོག་རྣམ་གཉིས་ནས་ཚོགས་གཞོན་ལས་ཁུངས་སུ་སྣེ་ལེན་མཇལ་འཕྲད་གནང་སོང་།
མཇལ་འཕྲད་སྐབས་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་དང་། རྒྱ་གར་བྷི་ཧར་མངའ་སྡེའི་དབར་ལོ་རྒྱུས་དང་། ཆོས། རིག་གཞུང་སོགས་འབྲེལ་བའི་སྐོར་དང་། བོད་ཀྱི་ས་ཁམས་ཆབ་སྲིད་ཀྱི་གལ་གནད་དང་འབྲེལ་ཏེ། ད་ལྟའི་རྒྱ་ནག་དམར་གཞུང་གི་རྒྱ་སྐྱེད་རིང་ལུགས་ཀྱི་ངན་བྱུས་འོག་རྒྱ་གར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཇི་ཡོད་སྐོར་སོགས་གསུངས་པ་དང་སྦྲགས། བྷི་ཧར་མངའ་སྡེའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་གནད་དོན་སྤྱི་དང་། ལྷག་པར་དུ་རྒྱ་ནག་དམར་གཞུང་ནས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐོག་ཐེ་བྱུས་བྱས་དང་བྱེད་བཞིན་པ་མཚམས་འཇོག་ཡོང་ཐབས་སྐོར་སོགས་ཀྱི་ཐོག་གླེང་སློང་དང་། དེ་བཞིན་བྷི་ཧར་མངའ་སྡེ་རུ་ནང་པའི་ཆོས་ཞུ་བ་རྣམས་གནས་སྐོར་ཕེབས་སྐབས་མཐུན་འགྱུར་དང་། ས་གནས་བོད་མིའི་སུད་ཚོང་བའི་བདེ་སྡུག་བཅས་ཀྱི་ཐོག་མཐུན་འགྱུར་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་གནང་སོང་།
གཞན་ཡང་བྷི་ཧར་མངའ་སྡེའི་གྲོས་ཚོགས་གོང་མའི་ཚོགས་གཞོན་ཟུར་པ་སྐུ་ཞབས་རམ་ ཅཱན་དྷ་རཱ་ པུར་བྷེ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། འོས་བསྡུ་གནང་ཕྱོགས་སོགས་ཀྱི་ཐོག་དྲི་བ་ཕུལ་བར། དཔལ་ལྡན་ཚོགས་གཞོན་མཆོག་གིས་ལན་འདེབས་གསལ་བཤད་གནང་རྗེས། གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་སྐོར་སྣེ་ཁྲིད་གནང་ཡོད་པ་བཅས།