རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༡༧ ཟླ་ ༦ ཚེས་ ༡༨ ནས་ ༢༢ བར་ཉིན་ལྔའི་རིང་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གོ་སྒྲིག་འོག་དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་རྒྱ་རིགས་ཐར་མཆོག་རྣམ་གཉིས་ནས་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་ཡོང་སླད། སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། ཀ་སྦུག་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། ས་འཐུས་མེད་པའི་ས་གནས་རྡོར་གླིང་དང་བསུ་ན་མདའི་ས་གནས་འགོ་འཛིན་དང་། འབྲེལ་མཐུད་པ། རང་བདེན་ཚོགས་ཆུང་གི་ཚོགས་མི་བཅས་ལ་ས་འཐུས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུལ་རྩིས་བཏང་འཛིན་སོགས་ཀྱི་སྒྲིག་གཞིའི་ཐོག་སྒང་ཏོག་ས་གནས་སུ་ཟབ་སྦྱོང་དབུ་འཛུགས་གནང་ཡོད།

དེ་ཡང་ཟབ་སྦྱོང་གི་ཉིན་དང་པོ་ཕྱི་ཚེས་ ༡༨ ལ་དངོས་སུ་འགོ་འཛུགས་གནང་བ་དང་། རྡོར་གླིང་དང་། བསུ་ན་མདའི་ས་གནས་སུ་ཡུལ་གྱི་གནས་བབ་ཀྱི་ཆ་ནས་བཅར་མི་ཐུབ་པ་ཕུད་གཞན་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། ཀ་སྦུག་བཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ་ཁྱོན་ཚོགས་བཅར་བ་མི་གྲངས་ ༣༡ ཟབ་སྦྱོང་འདིའི་ནང་འཛུལ་ཞུགས་གནང་ཡོད་འདུག

 

ཟབ་སྦྱོང་ཀྱི་ཐོག་མར་སྒང་ཏོག་ས་གནས་འགོ་འཛིན་བསྟན་འཛིན་ཚེ་དཔག་ལགས་ནས་ཕེབས་བསུའི་གསུང་བཤད་གནང་གྲུབ་རྗེས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བཙན་བྱོལ་ནང་མང་གཙོའི་འཕེལ་རིམ་གྱི་སྐོར་དང་། བོད་ཀྱི་སྐད་ཡིག་དང་། རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་དགོས་པའི་བཀའ་སློབ་གནང་བ་དང་། དེ་རྗེས་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་གིས་ནུབ་ཕྱོགས་རྒྱལ་ཁབ་ནང་ཞིང་བྲན་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་ནས་མང་གཙོའི་རིང་ལུགས་ལ་ཁ་ལོ་བསྒྱུར་སྐབས་སུ་མི་མང་པོས་གཅེས་པའི་རང་སྲོག་བློས་བཏང་གིས་ལོ་མང་དཀའ་ལས་བརྒྱབ་ནས་ཐོབ་པའི་སྐོར་དང་། ང་ཚོའི་མང་གཙོ་ནི་དམིགས་བསལ་བ་ཞིག་སྟེ་བོད་ཀྱི་བླ་ན་མ་མཆིས་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མི་མང་ལ་གསོལ་སྩལ་གནང་བ་ཞིག་ཡིན་པ་དང་། ང་ཚོའི་འགོ་ཁྲིད་མི་མང་ནས་ཐད་ཀར་འདེམས་ཀྱི་ཡོད་པ་སོགས་མང་གཙོ་ཁྱད་དུ་འཕགས་པ་ཞིག་ཡིན་སྐོར་སོགས་གསུངས་གནང་ཡོད།

དེ་ནས་ཟབ་སྦྱོང་གི་ལས་རིམ་བཞིན་མུ་མཐུད་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ངོ་སྤྲོད་གནང་བ་དང་། དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། གཞུང་དངུལ་འདུ་འགོད། ལོ་འཁོར་སྔོན་རྩིས་སོགས་ཀྱི་ཐོག་ལ་ཟབ་ཁྲིད་ལྷུག་པོ་གནང་ཡོད།

ཟབ་སྦྱོང་དེ་བཞིན་རྒྱ་གར་བྱང་ཤར་ས་ཁུལ་གྱི་བོད་མིའི་གཞིས་ཆགས་ཁག་གི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་། སྲ་བརྟན་ཡོང་སླད་ཟབ་སྦྱོང་འདི་འདྲ་ཞིག་དགོས་འདུན་བྱུང་བ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འདི་ལོར་གོ་སྒྲིག་ཞུས་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་བཅས་ཀྱི་གནས་ཚུལ་དུ།།

 

 

Menu