རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དབུ་འཛུགས་གནང་བ།

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༧ ཉིན་སྒང་ཏོག་བོད་ཀྱི་གསོལ་མགྲོན་ཁང་དུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཁག་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་སོང་།

ཐེངས་འདིའི་ཟབ་སྦྱོང་ནང་སྒང་ཏོག་དང་། ར་ཝང་ལ་ཀུན་ཕན་གླིང་། ཀ་སྦུགབཅས་ཀྱི་ས་གནས་འགོ་འཛིན་དང་། ས་འཐུས་རྣམ་པ། ས་འཐུས་མེད་པའི་ས་གནས་རྡོར་གླིང་དང་བསུ་ན་མདའི་ས་གནས་འགོ་འཛིན་དང་། དེ་བཞིན་སྒང་ཏོག་དང་། བསུ་ན་མདའི་རངབདེན་ཚོགསཆུང་གི་ཚོགས་མི་སོགསཁྱོན་ཚོགས་བཅར་བ་མི་གྲངས་ མཉམ་ཞུགས་གནང་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༠༠ པའི་ཐོག་ཟབ་སྦྱོང་དབུ་འབྱེད་མཛད་སྒོ་དབུ་འཛུགས་ཀྱིས་ཐོག་མར་སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་།

དེ་ནས་ཟབ་ཁྲིད་གནང་མཁན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མིའི་མང་གཙོའི་སྐོར་སྙིང་བསྡུས་དང་། བོད་མིའི་མང་གཙོའི་འབྱུང་རིམ་དེ་བཞིན་རྒྱལ་ཁབ་གཞན་གྱི་མང་གཙོའི་འབྱུང་རིམ་དང་མི་འདྲ་བར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མི་མང་ལ་གསོལ་སྩལ་གནང་བའི་མང་གཙོ་ཁྱད་པར་ཅན་ཞིག་ཡིན་སྐོར་དང་། ༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་འོག་སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བ་ནས་བཟུང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཡོངས་རྫོགས་ཁྲིམས་སྒྲིག་དང་ལྡན་པ་ཆགས་ཡོད་སྐོར། བོད་མིའི་འདུ་སྡོད་གཞིས་སྒར་ཡོངས་ལ་ས་གནས་འཐུས་ཚོགས་འཛུགས་ཐུབ་དགོས་པ་མ་ཟད། ས་གནས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ས་གནས་འགོ་འཛིན་ལ་ལམ་སྟོན་གསལ་བཤད་འབུལ་ཐུབ་དགོས་སྐོར། ཚང་མས་༧གོང་ས་མཆོག་གི་དགོངས་པ་མཁྱེན་པའི་ཐོག་ནས་གོམ་པ་སྤོ་དགོས་པ གཞོན་སྐྱེས་རྣམ་པར་ཉེ་རབས་བོད་ཀྱི་འདས་པའི་དངོས་ཡོད་ལོ་རྒྱུས་རྣམས་ངེས་པར་དུ་ཤེས་པ་བཟོ་ཐུབ་དགོས་པ་གལ་ཆེན་པོ་ཡིན་པགཉན་འཕྲང་ཅན་གྱི་དུས་ཚོད་འདིར་བོད་མི་ཚང་མས་རྡོག་རྩ་གཅིག་སྒྲིལ་གནང་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་སོང་།

དེ་རྗེས། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་གཙོ་བོ་གསུང་དོན་ལ། ཕྱི་ལོ་ ༡༩༩༠ ལོར་དམིགས་བསལ་ཚོགས་ཆེན་ཚོགས་རྗེས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ཕེབས་པ་གཞིར་བཟུང་། སྐབས་བཅུ་གཅིག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་བའི་སྐབས་བཅའ་ཁྲིམས་ནང་ས་གནས་འཐུས་ཚོགས་སྐོར་བཀོད་ཡོད་པདང་། དེ་བཞིན་བཅའ་ཁྲིམས་ནང་གསལ་ས་གནས་འཐུས་མིའི་གྲངས་ཚད་དང་། ཡུན་ཚད་སྐོར་ངོ་སྤྲོད།

༧གོང་ས་མཆོག་གིས་ས་གནས་འཐུས་ཚོགས་གལ་ཆེན་པོར་གཟིགས་བཞིན་ཡོད་པ་ལྟར། ས་གནས་འཐུས་ཚོགས་ཀྱི་འགྲོ་སྟངས་དང་། ས་གནས་འགོ་འཛིན་གྱི་ལས་དོན་ལ་ལྟ་རྟོགས་སྟངས་འཛིན་བྱ་རྒྱུ་དང་། འགན་ཁུར་ལེན་རྒྱུའི་རྣམ་གཞག་ཤེས་རྒྱུ་གལ་ཆེན་པོར་བརྩིས་པའི་ཐོག་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་འཐུས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པར་ཟབ་སྦྱོང་གོ་སྒྲིག་གནང་བཞིན་ཡོད་པ། གཞན་ཡང་མཉམ་ཞུགས་གནང་མཁན་ཚོ་ས་གནས་གཅིག་ནས་གཞན་ལ་གནས་སྤོ་བའི་སྐབས་ཟབ་སྦྱོང་ནས་ཉམས་མྱོང་གང་བསགས་པ་དེ་བཞིན་གཞན་ལ་ལམ་སྟོན་དང་འགྲེལ་བརྗོད་གནང་ཐུབ་པའི་དགེ་མཚན་ཡོད་སྐོར་སོགས་ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་སྐོར་གསུངས་པ་དང་། དེ་བཞིན་ས་གནས་འཐུས་ཚོགས་དང་། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འགན་ཁུར་གནང་མཁན་གལ་ཆེ་ཤོས་གྲས་ཆགས་ཀྱི་ཡོད་པ་སོགས་ཀྱི་གསུང་བཤད་གནང་སོང་། མཐར་སྒང་ཏོག་ས་འཐུས་ཚོགས་གཙོསྦྱིན་པ་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས ཟབ་སྦྱོང་དངོས་གཞི་འགོ་འཛུགས་གནང་ཡོད་པ་རེད།

ཟབ་སྦྱོང་གི་ཉིན་དང་པོར་དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། དེ་བཞིན་སྐར་རྟགས་ཅན་གྱི་དྲི་བ་འདྲི་སྟངས་དང་། ཐུགས་སྣང་གཞེན་བསྐུལ་གྱི་གྲོས་འཆར་འདོན་ཕྱོགས། གྲོས་ཆོད་གྲོས་འཆར་འདོན་ཕྱོགས། ཁྲིམས་ཡིག་དང་སྒྲིག་གཞི་འཆར་ཟིན་འབུལ་ཕྱོགས་སོགས་ཀྱི་སྐོར་ཟབ་ཁྲིད་གནང་བ་དང་། དེ་བཞིན་ཚོགས་བཅར་བའི་དྲི་བར་ལན་འདེབས་གསལ་བཤད་གནང་སོང་།

ཟབ་སྦྱོང་གི་ཉིན་གཉིས་པར སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་གནང་འགོ་བཙུགས་པ་བཅས། །