རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་མཇུག་བསྒྲིལ་བ།

 

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༨ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཀྲིར་ཉིན་གྲངས་ལྔའི་རིང་གོ་སྒྲིག་ཞུས་པའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དེ་བཞིན་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་མེའོ་ཆོས་འཕེལ་གླིང་དང་། བསྟན་འཛིན་སྒང་། ཏི་ཛུ་དར་རྒྱས་གླིང་། ཤིས་ལོངས། ཀྲུ་ཀྲིང་བཅས་ནས་ས་གནས་འགོ་འཛིན་ ༤ དང་། ས་གནས་འཐུས་མི་ ༡༢། ཀྲུ་ཀྲིང་དང་ཏི་ཛུ་དར་རྒྱས་གླིང་ནས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི་ ༣ བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༩ མཉམ་ཞུགས་གནང་འདུག

དེ་ཡང་ཕྱི་ཚེས་ ༢༤ དང་ ༢༥ བཅས་ཉིན་གཉིས་རིང་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་ཐོག་ཟབ་ཁྲིད་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་རྩིས་འགོ་ཁག་གི་ཐོག་ཟབ་ཁྲིད་གནང་ཡོད།

ཕྱི་ཚེས་ ༢༦ ཉིན་ཟབ་ཁྲིད་གནང་མཁན་སྤྱི་འཐུས་རྣམ་གཉིས་ཀྱིས་ལམ་སྟོན་འོག  ཐེངས་འདིའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་རྣམས་ཚོགས་ཆུང་ཁག་ལ་ཆ་བགོས་ཀྱིས་ཕྱི་ཚེས་ ༢༧ དང་ ༢༨ བཅས་ཉིན་གཉིས་རིང་གི་དམརཁྲིད་གྲོས་ཚོགས་བསྐྱང་རྒྱུའི་ལས་རིམ་དང་ཡིག་ཆ་ཁག་བཅས་གྲ་སྒྲིག་གནང་སྒོ་ཁག་གནང་བ་དང་། ཕྱི་ཚེས་ ༢༧ ཉིན་ལོ་འཁོར་ལས་བསྡོམས་ཀྱི་གྲོས་ཚོགས་དང་། ཕྱི་ཚེས་ ༢༨ ཉིན་ལོ་འཁོར་སྔོན་རྩིས་ཀྱི་གྲོས་ཚོགས་དངོས་སུ་ཚོགས་པ་ལྟར། ས་གནས་སོ་སོའི་ས་འཐུས་ཚོགས་གཙོ་དང་། ཚོགས་གཞོན་རྣམ་པ་རེ་མོས་ཀྱིས་ཚོགས་ཐུན་སོ་སོའི་ལས་རིམ་ཁག་གཙོ་སྐྱོང་གནང་བའི་ཐོག རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ལེན་པ་སོགས་ཀྱིས་མཚོན། ཚོགས་གཙོའི་ཚོགས་འདུ་དབུ་འཛུགས་དང་། མཇུག་བསྡོམས་ཀྱི་གསུང་བཤད། ཚོགས་གཙོའི་ལས་ཚབ་དང་། ལས་རིམ་ཚོགས་ཆུང་བསྐོ་གཞག གཞུང་འབྲེལ་མྱ་ངན་གུས་འདུད་དང་། གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར། སྐར་རྟགས་ཅན་གྱི་དྲི་བ་དྲིས་ལན། ཐུགས་སྣང་གཞེན་བསྐུལ། ས་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར། ས་གནས་འགོ་འཛིན་གྱི་གསལ་བཤད། བགྲོ་གླེང་དགོས་པའི་གྲོས་འཆར། གཏོང་ལེན་ཁྲིམས་ཡིག ཁྲིམས་བཟོའི་ལས་དོན། ལོ་འཁོར་ལས་བསྡོམས། ལོ་འཁོར་སྔོན་རྩིས་སོགས་ལས་ཉིན་སོ་སོའི་གྲོས་ཚོགས་ཀྱི་ལས་རིམ་དང་བཅས་དཔེ་མཚོན་གྱིས་ཡིག་ཆ་ཆ་ཚང་ཡོད་པའི་ཐོག་དམར་ཁྲིད་ལས་རིམ་བསྐྱངས་གནང་ཡོད་པ་དང་། དམར་ཁྲིད་ལས་རིམ་སྐབས་ཟབ་སྦྱོང་བ་རྣམ་པ་ཚང་མས་ཐུགས་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་ཡོད་ལ། ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་རྣམ་གཉིས་ནས་སྐབས་དུས་སོ་སོར་སྐྱོན་གནད་ཡོ་བསྲང་གི་སློབ་སྟོན་ཡང་གནང་ཡོད།

ཟབ་སྦྱོང་ཉིན་མཐའ་མ་ཕྱི་ཚེས་ ༢༨ ཉིན་མཇུག་བསྡོམས་མཛད་སྒོ་ཞིག་ཚོགས་ཤིང་། སྐབས་དེར་ཐོག་མར་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཁག་ཅིག་ནས་སོ་སོའི་མྱོང་ཚོར་སྐོར་གསུངས་གནང་ཡོད་པ་དང་། དེ་རྗེས་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ད་ལན་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཚོས་ཟབ་སྦྱོང་གོ་སྒྲིག་ཞུས་པ་བཞིན་ཆ་ཤས་ཡག་པོ་བཞེས་པའི་སྐོར་དང་། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་དང་གྲོས་ཚོགས་ཀྱི་ལས་རིམ་ཁག་དྲ་རྒྱའི་ཐོག་ཡོད་པ་བཞིན་མགོ་མཇུག་བར་གསུམ་ཆ་ཚང་ལ་ཐུགས་སྣང་གནང་གལ་ཆེན་པོ་ཡིན་པ། ད་ཐེངས་ཟབ་སྦྱོང་གི་གོ་སྐབས་འདི་ཐོབ་པ་བརྒྱུད་མ་འོངས་པར་ས་གནས་ས་ཐོག་ཏུ་ཕྱག་བསྟར་གནང་སྐབས་གཞིས་ཆགས་ཁག་སོ་སོོའི་ས་གནས་འཐུས་ཚོགས་ཀྱི་ལས་དོན་གནང་དགོས་རིགས་སྔར་ལྷག་ཡོང་ཐབས་དང་། ལས་དོན་འགའ་ཞིག་ཐད་ས་གནས་འགོ་འཛིན་དང་ས་འཐུས་རྣམ་པ་ལྷན་དུ་བཞུགས་མོལ་ཚོགས་འདུ་འཚོགས་དགོས་ནའང་འཚོགས་དགོས་ལུགས་སོགས་ཀྱི་གསུང་བཤད་གནང་བ་དང་། མཐར་བསྟན་འཛིན་སྒང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས་ཟབ་སྦྱོང་གི་མཇུག་བསྡོམས་མཛད་སྒོ་མཇུག་བསྒྲིལ་གནང་ཡོད།

དེ་ཉིན་དགོང་དྲོ་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ལ་དགའ་སྐྱེལ་གསོལ་སྟོན་ཞིག་གོ་སྒྲིག་ཞུས་རྗེས། ཐེངས་འདིའི་ཟབ་སྦྱོང་ཀྱི་ལས་དོན་ཡོངས་སུ་ལེགས་གྲུབ་བྱུང་ཡོད་པ་བཅས། །