རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་བ།

༄༅། ། ཕྱི་ལོ་ ༢༠༢༣ ཟླ་ ༧ པའི་ཚེས་ ༢༤ ཉིན་སྔ་དྲོ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་འོག རྒྱ་གར་བྱང་ཤར་ཨ་སམ་མངའ་སྡེའི་གྲོང་ཁྱེར་གྷོ་ཝ་ཧ་ཀྲིར་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དངོས་སུ་དབུ་འཛུགས་གནང་ཡོད།

ཐེངས་འདིའི་ཟབ་སྦྱོང་ནང་མེའོ་ཆོས་འཕེལ་གླིང་དང་། བསྟན་འཛིན་སྒང་། ཏི་ཛུ་དར་རྒྱས་གླིང་། ཤིས་ལོངས། ཀྲུ་ཀྲིང་བཅས་ནས་ས་གནས་འགོ་འཛིན་ ༤ དང་། ས་གནས་འཐུས་མི་ ༡༢། ཀྲུ་ཀྲིང་དང་ཏི་ཛུ་དར་རྒྱས་གླིང་ནས་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་མི། དེ་བཞིན་དོ་དབྱིངས་ཅན་ ༣ བཅས་ཁྱོན་ཚོགས་བཅར་བ་མི་གྲངས་ ༡༩ མཉམ་ཞུགས་གནང་ཡོད་འདུག

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དང་། སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་རྣམ་གཉིས་དང་། དེ་བཞིན་ཚོགས་བཅར་བ་རྣམས་ཚོགས་ཁང་ནང་ལྷན་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་གནང་ཞིང་། ཐོག་མར་ཤིས་ལོངས་ས་གནས་འགོ་འཛིན་བསྟན་འཛིན་བསམ་གཏན་ལགས་ཀྱིས་འཚམས་འདྲིའི་གསུང་བཤད་དང་། དེ་རྗེས་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་ནས་གཙོ་བོ་གསུང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་བཞིན་ས་གནས་འཐུས་ཚོགས་ཁག་ཆེད་འཛུགས་དགོས་པ་གསལ་བ་ལྟར་ས་གནས་འཐུས་ཚོགས་ཆེད་འཛུགས་གནང་བའི་སྐོར་དང་། གྲོས་ཚོགས་ཀྱི་འགྲོ་ལུགས་དང་། ཐ་སྙད་བཀོལ་སྤྱོད། དུས་ཚོད་སྟངས་འཛིན་སོགས་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་སྐོར། སྔོན་རྩིས་ཀྱི་གལ་གནད། ཟབ་སྦྱོང་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཞིར་བཟུང་ཚོགས་བཅར་བ་ཡོངས་ནས་ཟབ་ཁྲིད་གནང་སྐབས་ཐུགས་སྣང་གནང་དགོས་པ། དེ་བཞིན་ས་འཐུས་དང་། ས་གནས་རང་ཚོགས་གཉིས་ནི་ས་གནས་འགོ་འཛིན་ཀྱི་ལས་དོན་ཚགས་ཚུད་ཡོང་རྒྱུར་གཞོགས་འདེགས་བྱེད་མཁན་གྱི་དཔུང་རོགས་གལ་ཆེན་ཞིག་ཡིན་པ། ས་གནས་འཐུས་ཚོགས་སོ་སོར་ས་གནས་ཀྱི་གནས་སྟངས་ལ་གཞིགས་པའི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དགོས་གལ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་དང་།

ཟབ་ཁྲིད་གནང་མཁན་སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་ནས་ཟབ་སྦྱོང་གི་དམིགས་ཡུལ་དང་། ས་གནས་མི་མང་རྣམས་སོ་སོའི་ས་གནས་ཀྱི་ལས་དོན་ཐོག་རྒྱུས་མངའ་ཆེ་ཤོས་ཡིན་པར་བརྟེན། ས་གནས་འཐུས་ཚོགས་ཡོད་ན་ས་གནས་ཀྱི་སྔོན་རྩིས་སོགས་གནད་དོན་གལ་ཆེ་རིགས་ཐག་ཆོད་ཐུབ་རྒྱུར་དགེ་མཚན་ཆེན་པོ་ཡོད་པ། དེ་བཞིན་ནོར་འཁྲུལ་མང་པོ་ཞིག་འགྲོ་སྟངས་ལས་སྟངས་མ་ཤེས་པའི་དབང་གིས་ཡོང་གི་ཡོད་སྟབས། འགྲོ་ལུགས་འགྲོ་སྟངས་ཤེས་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས་གནང་འདུག

མཐར་ཏི་ཛུ་དར་རྒྱས་གླིང་གཞིས་ཆགས་ཀྱི་ས་འཐུས་ཚོགས་གཙོ་བསྟན་འཛིན་རྣམ་སྒྲོལ་ལགས་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་རྗེས། ཟབ་སྦྱོང་དངོས་གཞི་དབུ་འཛུགས་གནང་ཞིང་། དེ་ཡང་ཐོག་མར་ཟབ་ཁྲིད་གནང་མཁན་བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞིའི་སྐོར་ཟབ་ཁྲིད་གནང་བ་དང་།

སྤྱི་འཐུས་དབྲ་རྩ་བསོད་ནམས་ནོར་བུ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཀྱི་རྩིས་འགོ་ཁག་གི་ཐོག་ཟབ་ཁྲིད་གནང་ཡོད་འདུག་པ་བཅས། །