རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་རྒྱལ་ཁའི་ངང་མཇུག་བསྒྲིལ་བ། 

༄༅། །ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྒང་ཏོག་ཏུ་གོ་སྒྲིག་ཞུས་པའི་ཉིན་གྲངས་ལྔའི་རིང་གི་རྒྱ་གར་བྱང་ཤར་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་རྒྱལ་ཁའི་ངང་མཇུག་བསྒྲིལ་གནང་སོང་། 

​དེ་ཡང་ཟབ་སྦྱོང་གི་ཉིན་དང་པོའི་སྐབས་ཟབ་ཁྲིད་གནང་མཁན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་སྐོར་དང་། ཟབ་སྦྱོང་གི་ཉིན་གཉིས་པར་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་འགོ་ཁག་གི་ཐོག་ཟབ་ཁྲིད་གནང་བ་དང་། ཉིན་གསུམ་པར་ཟབ་སྦྱོང་བ་རྣམ་པས་ཉིན་རྗེས་མའི་དམར་ཁྲིད་གྲོས་ཚོགས་ཀྱི་ལས་རིམ་དང་འབྲེལ་བའི་ཡིག་ཆ་ཁག་གྲ་སྒྲིག་གནང་རྒྱུ་རྣམས་གནང་ཡོད་པ་རེད། 

ཟབ་སྦྱོང་ཉིན་བཞི་པ་དང་ལྔ་པའི་སྐབས། ཟབ་ཁྲིད་གནང་མཁན་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་གཟིགས་ཞིབ་འོག ཟབ་སྦྱོང་བ་རྣམ་པ་ཚང་འཛོམས་ཀྱིས་སྒང་ཏོག་དང་། ཀ་སྦུགར་ཝང་ལ་གཞིས་ཆགས་བཅས་ཀྱི་ས་འཐུས་ཚོགས་གཙོ་དང་། རྡོར་གླིང་དང་། བསུ་ན་མདའ་བཅས་ཀྱི་རང་བདེན་ཚོགས་གཙོ་རྣམ་པས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག་དམར་ཁྲིད་ལས་རིམ་བསྐྱངས་ཤིང་། དེ་ཡང་གྲོས་ཚོགས་དངོས་སུ་ཚོགས་པ་ལྟར། ཚོགས་འདུ་དབུ་འཛུགས་སྐབས་རྟེན་འབྲེལ་གསོལ་ཇ་འབྲས་སིལ་འདེགས་འབུལ་དང་། རིམ་པས་ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས། དེ་རྗེས་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་བ་དང་། ས་འཐུས་ཚོགས་གཙོས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་བཅས་གནང་རྗེས། སྒང་ཏོག་ས་འགོ་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་དང་། ལོ་འཁོར་སྔོན་རྩིས། དེ་བཞིན་ཀ་སྦུག་དང་། ར་ཝང་ལ། རྡོར་གླིང་། བསུ་ན་མདའ་བཅས་ཀྱི་ས་འགོ་ལས་ཁུངས་ཀྱི་ལོ་འཁོར་ལས་བསྡོམས་ཐོག་བགྲོ་གླེང་དང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་གྲོས་འཆར་ཁག་ཅིག གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་ཁག་ཅིག སྐར་རྟགས་ཅན་གྱི་དྲི་བ། ཐུགས་སྣང་གཞེན་བསྐུལ། སྒེར་གྱི་གྲོས་ཆོད། སྒྲིག་གཞི་བསྐྱར་བཅོས། གཏོང་ལེན་ཁྲིམས་ཡིག་སོགས་གཏན་འབེབས་ཀྱི་དམར་ཁྲིད་ལས་རིམ་བསྐྱངས་ཡོད།

​ཟབ་སྦྱོང་བ་རྣམ་པས་ཉིན་གཉིས་ཀྱི་དམར་ཁྲིད་ལས་རིམ་སྐབས་དོ་སྣང་ཆེན་པོས་མཉམ་ཞུགས་དང་ཆ་ཤས་བླངས་པ་མ་ཟད། ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དང་། སྔོན་རྩིས་གཏན་འབེབས་བྱེད་ཕྱོགས་ཀྱི་ལས་རིམ་ལ་ནོར་འཁྲུལ་ཤོར་སྐབས་ཟབ་ཁྲིད་གནང་མཁན་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་རྣམ་གཉིས་ཀྱིས་སྐབས་དུས་སོ་སོར་སློབ་སྟོན་གནང་སྟེ་སྐྱོན་གནད་རྣམས་ཡོ་བསྲང་གནང་ཡོད་པ་རེད།

​​ཕྱི་ཚེས་ ༢༡ ཉིན་རྒྱབ་དཔལ་ལྡན་ཚོགས་གཞོན་མཆོག་དང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་དབུ་བཞུགས་ཐོག་ཟབ་སྦྱོང་བ་རྣམ་པས་ཟབ་སྦྱོང་དང་འབྲེལ་བའི་དགོངས་ཚུལ་གསུངས་ཤིང་། དེའི་སྐབས་ཟབ་སྦྱོང་བ་རྣམ་པས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་འདིས་ཧ་ཅང་གི་ཕན་རླབས་ཆེན་པོ་བྱུང་སྐོར་དང་། མ་འོངས་པར་ཡང་དེ་ལྟར་ཟབ་སྦྱོང་གོ་སྒྲིག་ཞུ་གནང་ཡོང་བའི་རེ་སྐུལ་བཅས་ཞུས་སོང་། 

​མཐར་མཇུག་བསྡོམས་མཛད་སྒོའི་ཐོག དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་གསུངས་དོན་གཙོ་བོར། ཟབ་ཁྲིད་གནང་བའི་སྐབས་སུ་ཟབ་སྦྱོང་བ་རྣམ་པས་ཐུགས་སྣང་ཆེན་པོ་གནང་བ་དང་། སྡེ་ཚན་ཆ་བགོས་བྱས་ཏེ་ཡིག་ཆ་བཟོས་པའི་སྐབས་སུའང་ཚང་མས་ཆ་ཤས་ཡག་པོ་བཞེས་པར་བསྔགས་བརྗོད་གནང་བ་དང་འབྲེལ། ས་གནས་ནང་གྲོས་ཆོད་གང་འཇོག་པ་ཡིན་ནའང་ས་གནས་ས་ཐོག་ཏུ་ལག་ལེན་འཁེལ་ཐུབ་པ་ཞིག་འཇོག་ཐུབ་དགོས་པ་གལ་ཆེན་པོ་ཡིན་པ་དང་། དེ་བཞིན་ང་ཚོ་ཆབ་སྲིད་ཀྱི་སྐྱབས་བཅོལ་བ་ཡིན་པའི་ཆ་ནས་ཚང་མས་སོ་སོ་གནས་ཡུལ་ས་གནས་ཀྱི་ཡུལ་མི་རྣམས་ལ་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་གནས་བབ་དང་། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སོགས་ཀྱི་ཐོག་གོ་རྟོགས་སྤེལ་ཏེ། མངའ་སྡེའི་གྲོས་ཚོགས་ནང་བོད་དོན་གླེང་ཐུབ་རྒྱུར་འབད་བརྩོན་གནང་དགོས་པ་གལ་ཆེན་པོ་ཡིན་པ་དང་། འགན་ཁུར་མཁན་ཚང་མས་ནུས་པ་མཉམ་སྤུངས་གནང་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་གནང་བ་དང་། 

​སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ད་རེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པའི་ཟབ་སྦྱོང་ནང་མཉམ་ཞུགས་གནང་མཁན་ཡོངས་ཀྱིས་དོ་སྣང་ཆེན་པོས་ཆ་ཤས་བླངས་སོང་ཞེས་བསྔགས་བརྗོད་དང་སྦྲགས། ཐོག་མའི་ཉིན་གཉིས་རིང་ཟབ་ཁྲིད་གནང་མཁན་རྣམ་པས་གང་བསླབས་པ་དང་། དེ་བཞིན་དམར་ཁྲིད་སྐབས་སུ་ལམ་སྟོན་གང་གནང་བ་རྣམས་ཚང་མས་ཐུགས་ལ་འཇོག་དགོས་པ་དང་། ལྷག་པར་དུ་ད་རེས་ཟབ་སྦྱོང་སྐབས་བཟོས་པའི་ཡིག་ཆ་དེ་དག་ཐོག་དོ་སྣང་དང་། ས་གནས་འཐུས་ཚོགས་ཀྱི་འགྲོ་སྟངས་རེད། ཡིག་ཆ་ཇི་ལྟར་བཟོ་ཡི་ཡོད་པ་སོགས་ཀྱི་ཐོག་དོ་སྣང་གནང་དགོས་པ་གལ་ཆེན་པོ་རེད་ཅེས་དང་། རྣམ་པ་ཚོ་བོད་དང་ས་ཐག་ཉེ་པོ་ཡོད་པ་དང་། བོད་ནང་ཕར་འགྲོ་ཚུར་འོང་གནང་རྒྱུའི་གོ་སྐབས་ཡོད་ཚེ་བོད་མིའི་མང་གཙོའི་འགྲོ་སྟངས་སྐོར་སྤོབས་པ་དང་ལྡན་པའི་ཐོག་འགྲེལ་བཤད་གནང་དགོས་པ་གལ་ཆེན་པོ་ཡིན་པ། ད་རེས་ཟབ་སྦྱོང་ནས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། སྔོན་རྩིས་གཏན་འབེབས་གནང་ཕྱོགས་གང་ཤེས་པ་དེ་ཚོ་གཞན་ལ་ལམ་སྟོན་དང་། རྒྱུད་སྤེལ་བྱེད་དགོས་པ་གལ་ཆེན་པོ་ཡིན་པ་སོགས་གསུངས།  གཞན་ཡང་སྒང་ཏོག་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་དང་། ས་འཐུས་ཚོགས་གཙོ་སྦྱིན་པ་ཕུན་ཚོགས་ལགས་རྣམ་གཉིས་ཀྱིས་ཐེངས་འདིར་རྒྱ་གར་བྱང་ཤར་ཁུལ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཟབ་སྦྱོང་གནང་བར་ཐུགས་རྗེ་ཆེ་ཞུས་རྗེས། ཐེངས་འདིའི་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ཚགས་ཚུད་དང་སྲ་བརྟན་སླད་ལས་དོན་བྱེད་ཕྱོགས་ཀྱི་ཟབ་སྦྱོང་དེ་བཞིན་མཇུག་བསྒྲིལ་གནང་ཡོད། 

​རྩ་བའི་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཞུགས་སྒར་རྡ་ས་དང་། ཨོ་ཌི་ཤ་ཕུན་ཚོགས་གླིང་གཞིས་ཆགས། ལ་དྭགས་བཅས་ལ་རིམ་པས་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་གནང་ཟིན་པ་དང་། ད་རེས་སྒང་ཏོག་ཏུ་རྒྱ་གར་བྱང་ཤར་ཁུལ་གྱི་ས་གནས་འཐུས་ཚོགས་ལ་ཟབ་སྦྱོང་གནང་བ་བཅས་ཁྱོན་ད་བར་སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ས་གནས་འཐུས་ཚོགས་ཀྱི་ཟབ་སྦྱོང་ཐེངས་བཞི་གོ་སྒྲིག་ཞུས་ཡོད་པ་དང་།  ས་འཐུས་ཟབ་སྦྱོང་གི་དམིགས་ཡུལ་ནི་ཟབ་སྦྱོང་བ་རྣམ་པར་བོད་མིའི་སྒྲིག་འཛུགས་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བཙན་བྱོལ་བོད་མིའི་གཞུང་དངུལ་འདུ་འགོད་དང་། ལོ་འཁོར་སྔོན་རྩིས། དངུས་རྩིས་བཏང་འཛིན་བཅས་ཀྱི་སྒྲིག་གཞི། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་སོགས་ཟབ་ཁྲིད་གནང་སྟེ། མི་མང་གི་བདེ་སྡུག་ཁག་གཟིགས་རྟོག་ཐུབ་པ་མ་ཟད། འབྲེལ་ཡོད་ལ་ཞུ་ཐུབ་པ་དང་ཐག་གཅོད་ཡང་དག་གནང་ཐུབ་པ། གཞུང་གི་ལས་ཁུངས་ཁག་འབྲེལ་ཡོད་ལ་འགན་ཁུར་ཐུབ་པ་བཟོ་རྒྱུ་སོགས་གཞི་རིམ་མང་གཙོ་སྲ་བརྟན་ཡོང་ཐབས་བྱ་རྒྱུ་ཡིན་པ་བཅས། །