རྒྱ་གར་ཕྱི་སྲིད་དྲུང་ཆེ་ཟུར་པ་མཆོག་རྡ་སར་འཚམས་གཟིགས་སུ་ཕེབས་པ།

IMG_8060

ཕྱི་ལོ་ ༢༠༡༧ ཟླ་ ༣ ཚེས་ ༢༣ རེས་གཟའ་ཕུར་བུ་ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༥ ཐོག་རྡ་ས་གངས་སྐྱིད་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ། སྤྱི་འཐུས་རྣམ་པ་དང་སྲི་ཞུ་བ་བཅས་ལ་རྒྱ་གར་གཞུང་གིས་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝཱལ་སི་བྷལ་མཆོག་གིས་གསུང་བཤད་གནང་འདུག སྐབས་དེར་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཐུབ་བསྟན་བསམ་འཕེལ་ལགས་བཅས་དབུ་བཞུགས་ཐོག རྒྱ་གར་གཞུང་གིས་ཕྱི་སྲིད་དྲུང་ཆེ་ཟུར་པ་སྐུ་ཞབས་ཀན་ཝཱལ་སི་བྷལ་མཆོག་གིས་གསུང་བཤད་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འདོན་གནང་མཛད་པའི་དབུ་མའི་ལམ་གྱི་སྲིད་བྱུས་འོག བོད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནས་རྒྱུ་ཡིན་ནའང་། དེ་ལྟ་བུའི་བོད་དེར་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ངེས་པར་དུ་ཡོད་དགོས། དགོས་འདུན་དེ་ནི་བོད་མི་ཚོའི་དོན་དམ་གྱི་རེ་འདུན་ཞིག་ཡིན།

ད་ལྟའི་བོད་ནང་དུ་རྒྱ་ནག་གཞུང་གི་དྲག་ཆས་ཉེན་རྟོག་མི་སྣ་ཕོན་ཆེ་འགྲེམས་འཇོག་བྱེད་པ་དེ་མུ་མཐུད་གནས་པ་ཡིན་ན། བོད་ལ་རང་སྐྱོང་གི་གནས་བབ་ལག་བསྟར་བྱེད་མི་ཐུབ། དེར་བརྟེན་ད་ལྟ་རྒྱ་ནག་གཞུང་གིས་བོད་འདི་རང་སྐྱོང་གི་ལྗོངས་ཤིག་ཡིན་ཚུལ་བཤད་པ་འདི་དང་ཡོངས་སུ་འགལ་བ་ཆགས་ཡོད་ཅེས་དང་། གཞན་ཡང་ཕྱི་སྲིད་དྲུང་ཆེ་ཟུར་པ་མཆོག་གིས་སྐབས་དེར་རྒྱ་གར་གཞུང་ནས་ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་གསལ་ཆེད་བཟང་ཕྱོགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལག་བསྟར་གནང་ཐུབ་རྒྱུ་ཡིན་པའི་དགོངས་ཚུལ་སྐོར་གསུང་དོན།   གཅིག་ནས། རྒྱ་གར་གཞུང་གིས་བོད་དེ་རྒྱ་ནག་གི་རང་སྐྱོང་ས་ཁུལ་ཞིག་ལ་ངོས་འཛིན་གནང་ཡང་། དྲག་པོའི་དཔུང་དམག་གིས་དབང་སྒྱུར་བྱེད་བཞིན་པའི་ད་ལྟའི་གནས་སྟངས་དེ་རང་སྐྱོང་གི་གནས་བབ་ཞིག་ཡིན་པར་ངོས་འཛིན་བྱེད་ཐབས་མེད་པའི་ལངས་ཕྱོགས་བཟུང་དགོས་པ་དང་། དེ་གཉིས་དབར་གྱི་ཁྱད་པར་དེ་རིམ་བཞིན་གསལ་པོ་བཟོ་དགོས་པ་དང་།

desk

གཉིས་ནས། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་གཙོ་བོར་གྱུར་བའི་གནད་དོན་མང་པོ་ཞིག་ལ་བསམ་བློ་བཏང་ནས་རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལྟར་དོན་དམ་བོད་མིའི་དཀའ་ངལ་དེ་དག་སེལ་དགོས་པའི་རེ་འདུན་འདོན་དགོས། ཞེས་གསུངས་པ་དང་སྦྲགས། འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་ཡུན་རིང་ལུས་པའི་བོད་ཀྱི་གནད་དོན་གསལ་དགོས་པ་རྒྱ་ནག་འགོ་ཁྲིད་ཚོར་རེ་འདུན་ཤུགས་ཆེ་གནང་དོན། བོད་མི་ཚོས་འཚེ་མེད་ཞི་བ་གྲོས་མོལ་གྱི་ཐབས་ལམ་གཞི་རྩར་བཟུང་ནས་བོད་ཀྱི་གནད་དོན་གསལ་ཐབས་བྱེད་བཞིན་ཡོད་པ་དང་། བོད་མིའི་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་བའི་རིག་གཞུང་དེ་དག་ཧ་ཅང་ཕྱུག་པོ་ཡོད་པ་དང་ད་ལྟའི་སྤྱི་ཚོགས་ནང་དགོས་མཁོ་ཧ་ཅང་ཡོད་སྟབས། ང་ཚོས་ངེས་པར་དུ་བོད་མིའི་ཐུན་མིན་རིག་གཞུང་དེ་དག་བདག་གཅེས་བྱེད་དགོས། ལྷག་པར་ཁོར་ཡུག་གནས་སྟངས་ལ་མཚོན་ན་བོད་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། གལ་ཏེ་བོད་ནང་གི་ཁོར་ཡུག་གནས་སྟངས་ལ་དོ་ཕོག་བཏང་བ་ཡིན་ན་མི་གྲངས་ས་ཡ་མང་པོར་མཇུག་འབྲས་ཧ་ཅང་ངན་པ་ཕོག་ངེས། དེར་བརྟེན་བོད་ཀྱི་གནད་དོན་དེ་འཚེ་མེད་ཞི་བ་གྲོས་མོལ་གྱི་ལམ་ནས་སེལ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་དང་། གཞན་ཡང་ཉེ་ལམ་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་ཐོག་ཕྲན་བུའི་གནས་ཚུལ་བྱུང་བའི་ཐོག་ཕྱི་སྲིད་དྲུང་ཆེ་ཟུར་པ་མཆོག་གིས་གསུང་དོན། ང་ཚོ་དང་རྒྱ་ནག་གི་འབྲེལ་ལམ་བར་གནས་ཚུལ་འགའ་ཤས་ཐོག་དཀའ་ངལ་འཕྲད་བཞིན་ཡོད། རྒྱ་གར་གཞུང་གིས་ས་ཁུལ་འགའ་ཤས་ཐོག་བདག་དབང་ཡོད་ཚུལ་བཤད་པ་དེར་རྒྱ་ནག་གཞུང་གིས་ངོས་ལེན་མ་བྱས་པ་དང་། རྒྱ་ནག་དང་པ་ཀི་སི་ཐན་ཚོང་འབྲེལ་ China Pakistan Economic Corridor ཞེས་པ་དང་།

རྒྱ་ནག་གཞུང་གིས་འཇིགས་སྐུལ་དྲག་སྤྱོད་ཚོགས་པ་ཇེ་ཤི་མོ་ཧ་མ་དི་ Jaish-e-Muhammad ཟེར་བའི་བྱེད་གཏེ། མ་སུ་དི་ཨ་ཛར་ Masood Azhar ཟེར་བ་ཁོ་པར་རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་པ་ཞིག་ཡིན་པར་ངོས་འཛིན་མ་བྱེད་པ། དེ་བཞིན་རྡུལ་ཕྲན་ནུས་ཤུགས་མཐུན་ཚོགས་ NSG ཀྱི་ཚོགས་མིའི་ཁོངས་སུ་རྒྱ་གར་མཉམ་ཞུགས་བྱེད་འདོད་ཡོད་ཀྱང་རྒྱ་ནག་གིས་འགོག་རྐྱེན་བཟོ་བཞིན་ཡོད་སྐོར་གསུངས།

 

ཕྱོགས་མཚུངས་རིང་མིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བྱང་ཤར་ཨ་རུ་ནཱ་ཅལ་མངའ་སྡེའི་ནང་ཆིབས་སྒྱུར་བསྐྱང་གནང་མཛད་རྒྱུའི་ཐོག་གསུང་དོན། རྒྱ་ནག་གཞུང་གིས་རྟ་དབང་ས་ཁུལ་ཁོ་པ་ཚོས་ཡིན་ཚུལ་སྙོན་བཞིན་པ་དེ་ནི་གཙོ་བོ། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ས་གནས་དེ་བརྒྱུད་ནས་༸ཞབས་སོར་འཁོད་པར་བརྟེན་ཁོ་པ་ཚོས་རྟ་དབང་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་ཤོད་བཞིན་ཡོད། འོན་ཀྱང་ས་ཁུལ་དེ་ནི་རྒྱ་གར་རྒྱལ་ནང་གི་བརྟན་ལྷིང་ལ་ཧ་ཅང་གནད་འགག་ཆེན་པོ་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་འདུག

ཐེངས་འདིར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གི་གོ་སྒྲིག་འོག་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་རྡ་སར་ཕེབས་པ་ཞིག་ཡིན་འདུག   འཚམས་གཟིགས་སྐབས་ཁོང་གི་སྐུ་ཟླ་ཨེ་ལི་ཛི་བྷེ་ཐི་སི་བྷལ་ Elisabeth Sibal སོགས་ཕེབས་འདུག དེ་ཉིན་གྱི་སྔ་དྲོ་ཕྱི་སྲིད་དྲུང་ཆེ་ཟུར་པ་ཁོང་བཞུགས་སྒར་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་བཅར་ཞུས་འདུག་པ་བཅས།།

Menu