རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་གིས་ཕྱག་དེབ་དབུ་འབྱེད་དང་བོད་དོན་གསུང་བཤད་གནང་རྒྱུའི་མཛད་རིམ་ཐོག་དཔལ་ལྡན་ཚོགས་གཞོན་མཆོག་དམིགས་བསལ་སྐུ་མགྲོན་དུ་ཆེད་ཕེབས་གནང་བ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡།༠༠ ཐོག་རྡ་ས་འཕགས་བོད་འབྲེལ་མཐུད་ཚོགས་པས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ཇི་ཌི་བྷག་ཤི་ (Major General G.D.Bakshi) མཆོག་ཆེད་དུ་གདན་ཞུས་ཀྱིས་ཁོང་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་དབུ་འབྱེད་དང་། བོད་དོན་སྐོར་གསུང་བཤད་དང་དྲི་བ་དྲིས་ལན་གནང་རྒྱུའི་མཛད་རིམ་ཞིག་གོ་སྒྲིག་ཞུས་པའི་ཐོག་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་དམིགས་བསལ་སྐུ་མགྲོན་དུ་གདན་ཞུས་ལྟར་ཆེད་ཕེབས་གནང་ཡོད།

དེ་ཡང་མཛད་སྒོའི་སྐུ་མགྲོན་གཙོ་བོར་རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་དང་། སྐུ་ཞབས་སན་ཇེ་པར་ཤར་ (Sanjay Prashar) མཆོག དམིགས་བསལ་སྐུ་མགྲོན་དཔལ་ལྡན་ཚོགས་གཞོན་མཆོག གཞན་ཡང་སྐུ་མགྲོན་དུ་སྤྱི་འཐུས་ཟླ་བ་ཚེ་རིང་མཆོག གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་སྣེ་རྣམ་པ། ས་གནས་མི་མང་བཅས་མཉམ་ཞུགས་ཀྱིས་ཐོག་མར་ཚང་མ་སྐུ་བཞེངས་ཐོག་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས། འཕགས་བོད་འབྲེལ་མཐུད་ཚོགས་པའི་དྲུང་ཆེ་སྐུ་ཞབས་སུ་ནིལ་མ་ནུ་ཅཱ་ (Sunil Manocha) མཆོག་གིས་འཚམས་འདྲིའི་གསུང་བཤད་གནང་བ་དང་། དེ་ནས་བོད་ཀྱི་ཟློས་གར་ཚོགས་པས་བོད་ཀྱི་སྲོལ་རྒྱུན་གཞས་སྣ་དང་། ས་གནས་ཡུལ་མིའི་རིག་གཞུང་གཞས་སྣ་ཁག་ཅིག་གཟིགས་འབུལ་ཞུས་མཚམས། རིམ་པས་དཔལ་ལྡན་ཚོགས་གཞོན་མཆོག་གིས་རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་ལ་སྒྲོལ་མའི་ཞལ་ཐང་ཞིག་དང་། ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཟུར་པ་སྐུ་ཞབས་ཨ་ཇེ་སིང་མོན་ཀོ་ཊི་ཡ་ (Ajay Singh Mankotia) ལགས་ཀྱིས་སྐུ་ཞབས་སན་ཇེ་པར་ཤར་ (Sanjay Prashar) མཆོག་ལ་སྟོན་པའི་ཞལ་ཐང་ཞིག་བཅས་ཕུལ་གནང་སོང་།

དེ་རྗེས་རྒྱ་གར་དམག་སྤྱི་ཟུར་པ་སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་གིས་ལྗགས་རྩོམ་གནང་བའི་དཔེ་དེབ་ཁག་ཅིག་དབུ་འབྱེད་དང་འབྲེལ་དཔལ་ལྡན་ཚོགས་གཞོན་མཆོག་ལ་ཕུལ་གནང་རྗེས། དཔལ་ལྡན་ཚོགས་གཞོན་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་པར་བསྐྲུན་ཞུས་པའི་དཔེ་དེབ་ཁག་ཅིག་དང་། ཧིན་དིའི་སྐད་ཡིག་ཐོག་བསྒྱུར་ཡོད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་དཔེ་དེབ་བཅས་སྐུ་ཞབས་ཁོང་དང་། སྐུ་ཞབས་སན་ཇེ་པར་ཤར་མཆོག་རྣམ་གཉིས་ལ་ཕུལ་གནང་སོང་།

སྐབས་དེར་དམིགས་བསལ་སྐུ་མགྲོན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་ཐོག་མར་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་གིས་གཙོས་པའི་ཚང་མར་འཚམས་འདྲི་དང་སྦྲགས། རྒྱ་གར་དང་བོད། རྒྱ་ནག་བཅས་དང་འབྲེལ་བའི་བརྗོད་གཞིའི་ཐོག་གསུང་དོན། དེ་རིང་གཏམ་བཤད་བྱ་རྒྱུའི་བརྗོད་གཞི་འདིའི་ཐོག་བལྟས་པ་ཡིན་ན། བོད་ཀྱི་གནད་དོན་དེ་གཙོ་བོ་ཞིག་ཆགས་ཀྱི་ཡོད། བོད་རང་བཙན་ཡིན་པའི་སྐབས་བོད་དེ་སྟོབས་ཆེན་རྒྱལ་ཁབ་གཉིས་དབར་གྱི་བར་གནས་རྒྱལ་ཁབ་ (buffer zone) ལྟ་བུར་གནས་ཡོད་ཀྱང་། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པའི་རྗེས། འཕགས་བོད་ས་མཚམས་ལ་རྒྱ་དམར་གཞུང་གིས་རྒྱུན་མ་ཆད་བར་ཉེན་ཁ་བཟོ་བཞིན་ཡོད། བྱས་ཙང་བརྗོད་གཞིའི་འདིའི་ཐོག་གླེང་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་མ་བཤད་པ་ཡིན་ན། ཆ་ཚང་བ་ཞིག་ཆགས་ཀྱི་མེད། ངས་གོ་སྐབས་འདི་བརྒྱུད་བོད་ནང་གི་གནས་སྟངས་སྐོར་ཞུ་རྒྱུ་དང་། རིམ་པས་རྒྱ་གར་དང་། རྒྱ་ནག བོད་པ་བཅས་ནས་དོ་སྣང་བྱེད་དགོས་སའི་གནད་དོན་སྐོར་ལ་ཞུ་རྒྱུ་ཡིན།  བོད་ལ་ལོ་ངོ་ཉིས་སྟོང་ལྷག་གི་ཡིག་ཐོག་ལོ་རྒྱུས་ལྡན་ཡོད་ཅིང་། དེས་བོད་འདི་ལོ་རྒྱུས་ཐོག་རྒྱ་ནག་གི་ཆ་ཤས་མིན་པ་མཚོན་ཐུབ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་ཀྱི་སྐུ་ཚབ་མེད་སྟབས། རྒྱ་ནག་དམར་གཞུང་གིས་བཅིངས་གྲོལ་ལ་ཁ་གཡར་ཏེ་ཕྱི་ལོ་ ༡༩༥༩ ལོར་བོད་ས་བཙན་བཟུང་བྱེད་སྐབས་འཛམ་གླིང་རང་དབང་ལྡན་པའི་རྒྱལ་ཁབ་གཞན་གྱིས་བལྟས་ནས་བསྡད་པ་ལས་རོགས་རམ་བྱས་མེད་སྟབས། རྒྱ་དམར་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་དང་། དུས་དེ་ནས་བཟུང་བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་བཅོམ་ཚད་མེད་བཏང་དང་གཏོང་བཞིན་ཡོད། ད་བར་ང་ཚོས་བོད་ནང་གི་བོད་མིའི་གནས་སྟངས་ཡར་རྒྱས་འགྲོ་ཐབས་སུ་འདོད་པ་ཁེངས་པའི་ལས་ཀ་ཞིག་བྱེད་ཐུབ་ཡོད་དམ་མེད། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་དེ་བོད་ནང་གི་གནས་སྟངས་བཟང་ཕྱོགས་ལ་བསྒྱུར་བ་འགྲོ་ཐུབ་ཐབས་སུ་ང་ཚོར་རྒྱབ་སྐྱོར་འདང་ངེས་ཞིག་ཐོབ་ཡོད་དམ་མེད། ང་ཚོ་ཚང་མས་དྲི་བ་དེ་དག་དུས་རྒྱུན་ནས་བསམ་བློ་གཏོང་དགོས་པ་མ་ཟད། སོ་སོའི་གནས་ཡུལ་གྱི་ཡུལ་མིར་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱེད་དགོས་པ་དང་། བོད་ནང་གི་བོད་མིའི་མགྲིན་ཚབ་གནང་དགོས་ཞེས་གསུངས།

བོད་ནང་ཆ་མཚོན་པ་ཡིན་ན། ད་དུང་ཡང་བོད་མི་རྣམས་ལ་སྨྲ་གཅོད་རང་དབང་མེད་པ་དང་། ཆོས་དད་རང་དབང་སོགས་གང་ཡང་མེད་པར་བརྟེན། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༡༥༥ ཡིས་བོད་དོན་ཆེད་རང་ལུས་མེར་བསྲེགས་ཕུལ་བ་དང་། ཁོང་རྣམ་པས་བོད་ལ་རང་དབང་དགོས་པ་དང་། ༧གོང་ས་མཆོག་བོད་ལ་གདན་ཞུས་གནང་དགོས་སྐོར་སོགས་གསུང་བཞིན་ཡོད། དེ་ནི་འགྲོ་བ་མི་ཞིག་གིས་བྱམས་བརྩེ་གཙོ་བོར་བཟུང་བའི་ཐོག་ནས་བློས་གཏོང་གནང་བ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད། རྒྱ་ནག་གཞུང་གིས་དེ་ལས་ལྡོག་ཏེ། བོད་མིའི་དཀའ་སྡུག་ངོ་མ་སེལ་ཐབས་མ་བྱས་པར། རྟག་ཏུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་དང་། མུ་མཐུད་ནོར་འཁྲུལ་ཅན་གྱི་སྲིད་བྱུས་ལག་བསྟར་ཤུགས་ཆེར་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་བོད་ནང་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་མ་བཅུག་པ་དང་། ས་གནས་གང་སར་སོ་ཉུལ་པར་ཆས་བཙུགས་པ་སོགས་གཞི་རྩའི་རང་དབང་ཡོངས་རྫོགས་རྡོག་རོལ་གཏོང་བཞིན་ཡོད། ད་བར་འཛམ་གླིང་རྒྱལ་ཁབ་ཁག་གི་ཐེ་བྱུས་མ་བྱེད་སྟབས། རྒྱ་ནག་དམར་གཞུང་གིས་ཁྲིམས་འགལ་བྱ་སྤྱོད་མུ་མཐུད་སྤེལ་བཞིན་ཡོད། བྱས་ཙང་རྒྱལ་སྤྱིའི་རྒྱལ་ཁབ་ཁག་གིས་རྒྱ་ནག་གིས་བོད་ནང་བྱས་པའི་ཁྲིམས་འགལ་བྱ་སྤྱོད་རྣམས་འགན་ཁུར་ཐུབ་པ་བཟོ་རྒྱུ་ཧ་ཅང་གི་གལ་ཆེན་པོ་རེད། དེའི་ཐོག་ང་ཚོ་ཚང་མས་དཀའ་ལས་མང་ཙམ་བརྒྱབ་དགོས་ཞེས་དང་།

དེ་བཞིན་མཐོ་སྒང་བོད་ནི་འཛམ་གླིང་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པ་དང་། རྒྱ་ནག་ནི་ཆུ་མཛོད་མང་ཤོས་འཛུགས་མཁན་གྱི་རྒྱལ་ཁབ་ཞིག་ཡིན། དེའི་དམིགས་ཡུལ་ནི་ཆུ་བོ་དབང་བསྒྱུར་བྱེད་ཐབས་རེད། རྒྱ་ནག་ནང་གི་ཆུ་བོ་ཚང་མར་ཆུ་མཛོད་བརྒྱབ་ཚར་ཡོད་པ་དང་། ད་ཆ་བོད་ནས་ཡུལ་ལུང་གཞན་ནང་རྒྱུགས་མཁན་གྱི་ཆུ་བོ་ལའང་བརྒྱབ་དང་རྒྱག་བཞིན་ཡོད། བོད་ནས་རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ་གཞན་ཁག་ནང་རྒྱུགས་པའི་ཆུ་བོ་ཆེ་ཁག་ལ་ཆུ་མཛོད་བརྒྱབ་སྟེ་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་མང་གི་འཚོ་རྟེན་ལ་ཉེན་ཁ་བཟོས་དང་བཟོ་བཞིན་ཡོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་ཁོར་ཡུག་ཚོགས་ཆེན་ཐེངས་ ༢༦ (COP26) ཐོག་སླེབས་མེད་པ་དེས། རྒྱ་ནག་དམར་གཞུང་གིས་གོ་ལའི་ཁོར་ཡུག་ལ་འགན་ཁུར་གྱི་མེད་པ་གསལ་པོ་སྟོན་གྱི་ཡོད། དེ་བཞིན་རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་འཛམ་གླིང་ཡོངས་ལ་མི་རྒྱུ་གཉིས་ཀྱི་དཀའ་ངལ་བཟོས་དང་བཟོ་བཞིན་པའི་སྐབས་དེར། རྒྱ་དམར་གཞུང་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མར་དྲྭ་རྒྱའི་ཐོན་ལྔ་པ་  (5G) འཛུགས་བཞིན་ཡོད། རྒྱ་ནག་དམར་གཞུང་གིས་བོད་ཙམ་མིན་པར་ཉེ་འཁོར་ཁྱིམ་མཚེས་རྒྱལ་ཁབ་ཁག་ལའང་སོ་ཉུལ་བྱེད་ཀྱི་ཡོད། དེར་བརྟེན་འཛམ་གླིང་རྒྱལ་ཁབ་ཚང་མས་རྒྱ་ནག་གཞུང་གི་ཁྲིམས་འགལ་བྱ་སྤྱོད་ལ་དོ་སྣང་དང་གདོང་ལེན་བྱེད་དགོས་པ་གལ་ཆེན་པོ་ཡིན་རེད་ཅེས་དང་།

དེ་བཞིན་རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་རྟག་ཏུ་བོད་མིའི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱེད་བཞིན་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་༧གོང་ས་མཆོག་གི་༧སྐུའི་ཡང་སྲིད་ཐད་ངན་བྱུས་བཏིང་དང་འདིང་བཞིན་ཡོད། དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་བྱེད་སྟངས་ཤིག་རེད། དེས་༧གོང་ས་མཆོག་གི་བྱིན་རླབས་དང་། མཚན་མེད་པར་རྒྱ་ནག་དམར་གཞུང་གིས་བོད་མིའི་སེམས་ལ་ནམ་ཡང་དབང་བསྒྱུར་བྱེད་མི་ཐུབ་པ་མཚོན་གྱི་ཡོད། རྒྱ་དམར་གཞུང་གིས་བོད་ནང་ལོ་ངོ་དྲུག་ཅུ་ལྷག་གི་རིང་དབང་བསྒྱུར་བྱེད་བཞིན་ཡོད་ཀྱང་བོད་པའི་མི་མང་གི་ཡིད་ཆེས་ཐོབ་མེད་པའི་སྐོར་སོགས་གསུངས་གནང་སོང་།

སྐུ་ཞབས་སན་ཇེ་པར་ཤར་མཆོག་གིས་རྒྱ་ནག་གཞུང་གིས་རྒྱ་སྐྱེད་རིང་ལུགས་སྐོར་དང་། རྒྱ་ནག་ཝུ་ཧན་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་ ༡༩ ཡིས་འཛམ་གླིང་ནང་མི་རྒྱུ་གཉིས་ལ་དཀའ་ངལ་ཚད་མེད་བཟོས་པ་དེས་རྒྱ་དམར་གཞུང་གི་བྱ་སྤྱོད་དམར་རྗེན་དུ་སྟོན་ཡོད་སྐོར། དེ་བཞིན་བོད་མིའི་སྙིང་སྟོབས་ལ་བསྔགས་བརྗོད་བཅས་གནང་སོང་།

སྐུ་ཞབས་ཇི་ཌི་བྷག་ཤི་མཆོག་གིས་གཙོ་བོ་ཁོང་རང་ཉིད་བོད་པ་དང་ཐོག་མར་འབྲེལ་བ་ཇི་ལྟར་བྱུང་ཚུལ་སྐོར་དང་། ཕྱི་ལོ་ ༡༩༥༩ ལོར་རྒྱ་དམར་གཞུང་གིས་བོད་ས་བཙན་འཛུལ་བྱས་རྗེས། བོད་ནང་བོད་མིས་རྒྱ་དམར་གཞུང་ལ་གདོང་ལེན་ཇི་ལྟར་གནང་བ་དང་། བཙན་བྱོལ་ནང་ལ་སླེབས་རྗེས་སུའང་བོད་ནང་འཇབ་དམག་བཏང་བའི་སྐོར། བོད་ནི་འཛམ་གླིང་གི་ཆུ་བོ་ཆེ་ཁག་གི་འབྱུང་ཁུངས་ཡིན་པ་དང་། རྒྱ་དམར་གཞུང་གིས་བོད་ནས་བབས་པའི་ཆུ་བོ་ཆེན་པོ་ཡར་ཀླུང་གཙང་པོར་ཆུ་མཛོད་བརྒྱབ་པ་དེས་རྒྱ་གར་གཙོས་པའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་མང་གི་འཚོ་བ་ལ་དོ་ཕོག་ཚབས་ཆེ་གཏོང་བཞིན་ཡོད་པ། དེ་བཞིན་མ་འོངས་པར་འཛམ་གླིང་ནང་འཐུང་ཆུའི་ཐོག་དམག་བྱུང་སྲིད་སྐོར། ཏོག་དབྱིབས་གཉན་རིམས་ ༡༩ དེ་བཞིན་རྒྱ་ནག་གིས་ཆེད་དུ་བཟོས་པ་ཡིན་སྐོར་དང་། དེས་ད་བར་འཛམ་གླིང་མི་མང་ས་ཡ་ ༥ ལྷག་གི་ཚེ་སྲོག་འཕྲོག་པ་དང་། ས་ཡ་ ༢༥༠ ཙམ་ལ་ནད་ཕོག་སྟེ་མི་རྒྱུ་གཉིས་ལ་དཀའ་ངལ་ཚད་མེད་བཟོས་ཡོད་པ། ད་ཆ་འཛམ་གླིང་མི་མང་རྣམས་ཀྱིས་རྒྱ་ནག་གི་བྱ་སྤྱོད་ལ་ཡིད་མ་རངས་པའི་རྣམ་འགྱུར་སྟོན་བཞིན་ཡོད་སྐོར་སོགས་གསུངས་གནང་རྗེས། དྲི་བ་དྲིས་ལན་དང་། གསར་འགོད་ལྷན་ཚོགས་ཤིག་ཚོགས་གནང་སོང་བ་བཅས། །

Menu