རྒྱ་གར་དབུས་གཞུང་ཨ་ཡུ་ཤ་བློན་ཆེན་མཆོག་གི་སྐུ་ཟླ་འདས་གྲོངས་སུ་གྱུར་བར་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཐུགས་གསོ་ཞུས་པ།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༢ ཉིན་དཔལ་ལྡན་ཚོགས་གཞོན་ཨཅཱ་རྱ་ཡེ་ཤེས་ཕུན་ཚོགས་མཆོག་སོགས་ནས་རྒྱལ་ས་ལྡི་ལིར་བློན་ཆེན་མཆོག་དང་མཇལ་འཕྲད་གནང་སྐབས། 

༄༅། ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༡ རེས་གཟའ་ཟླ་བའི་ཉིན་རྒྱ་གར་དབུས་གཞུང་ཨ་ཡུ་ཤ་ (AYUSH) ལྷན་ཁང་གི་བློན་ཆེན་སྐུ་ཞབས་ཤྲི་པ་ད་ཡི་སོ་ནཱ་ཡག་ (Shri Shripad Yesso Naik,Minister of State(IC) of AYUSH) མཆོག་དང་། ཁོང་གི་སྐུ་ཟླ། ཁ་ལོ་བ་བརྩིས་པའི་གཞན་མི་སྣ་བཞི་བཅས་རྒྱ་གར་ལྷོ་ཕྱོགས་ཀ་ན་ཊ་ཀ་མངའ་སྡེའི་ནང་འགྲུལ་བཞུད་བྱེད་སྐབས་རླངས་འཁོར་ལ་བརྡབ་སྐྱོན་ཤོར་ཏེ། བློན་ཆེན་མཆོག་གི་སྐུ་ཟླ་ལྕམ་སྐུ་ཝི་ཇ་ཡ་ནཱ་ཡག་ (Vijaya Naik) མཆོག་དང་། ལས་བྱེད་གཅིག་རྐྱེན་འདས་སུ་ཕྱིན་པ་དང་། བློན་ཆེན་མཆོག་གིས་གཙོས་པའི་གཞན་རྣམས་ལ་རྨས་སྐྱོན་ཕོག་པར། དཔལ་ལྡན་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་དང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་དང་། བློན་ཆེན་མཆོག་གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུས་གནང་འདུག

དེ་ཡང་ཐུགས་གསོའི་འཕྲིན་ཡིག་ནང་འཁོད་དོན། སྐུ་ཉིད་ཀྱི་རླངས་འཁོར་ལ་བརྡབ་སྐྱོན་ཤོར་ཏེ། སྐུ་ཟླ་དང་། ལས་བྱེད་གཅིག་འདས་གྲོངས་སུ་གྱུར་བ་དང་། དེ་བཞིན་སྐུ་ཉིད་གཙོས་པའི་རླངས་འཁོར་ནང་ཡོད་པའི་གཞན་ལས་བྱེད་རྣམས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོས་འཕྲལ་ང་ཚོ་ཚང་མ་བློ་ཕམ་ཆེན་པོ་བྱུང་། སྐུ་ཉིད་ཀྱི་སྐུ་ཟླ་དང་། ལས་བྱེད་གཅིག་འདས་གྲོངས་སུ་གྱུར་པར་ང་ཚོས་ཐུགས་གསོ་ཞུ་རྒྱུ་ཡིན།

སྐུ་ཉིད་གཙོས་པའི་ནང་མི་ལྷན་རྒྱས་ནས་བོད་དོན་ཐོག་གྱུར་བ་མེད་པར་རྟག་ཏུ་རྒྱབ་སྐྱོར་གནང་བར་ང་ཚོས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྐུ་ཉིད་ཀྱིས་རྒྱབ་སྐྱོར་གནང་བ་དེ་ང་ཚོ་བོད་རིགས་ཡོངས་ལ་བཀའ་དྲིན་ཆེན་པོ་ཡིན།

སྐུ་ཉིད་མཆོག་གང་མགྱོགས་དྲག་སྐྱེད་བྱུང་སྟེ་རྒྱ་གར་གཞུང་མང་གཉིས་ལ་སྔར་བཞིན་ཞབས་ཕྱི་ཞུ་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་འཁོད་འདུག་པ་བཅས། །