རྒྱ་གར་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇོརཇ་བྷེ་ཁར་མཆོག་རྡ་སར་ཕེབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་སྣེ་ལེན་གཟབ་རྒྱས་གནང་བ།

༄༅། ། ཕྱི་ལོ་ ༢༠༡༧ ནང་རྒྱ་གར་ཆར་དུས་གྲོས་ཚོགས་འཚོགས་སྐབས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཇོརཇ་བྷེ་ཁར་ (George Baker) མཆོག་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་བ་དང་ཆབས་ཅིག་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་མཛད་སྒོར་སྐུ་མགྲོན་དུ་ཕེབས་གནང་རྒྱུའི་རེ་སྐུལ་ཞུས་པ་བཞིན་ད་རེས་གསུམ་ཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་གནང་ཡོད།

དེ་ཡང་སྐུ་ཞབས་ཇོརཇ་བྷེ་ཁར་མཆོག་ཕྱི་ཟླ་ ༣ ཚེས་ ༩ ཉིན་རྡ་སར་ཕེབས་འབྱོར་གནང་བ་དང་། དེ་རྗེས་བོད་ཀྱི་སྨན་རྩིས་ཁང་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ལ་གཟིགས་བསྐོར་ཕེབས་གནང་ཡོད། དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༤།༣༠ ཐོག་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་སུ་ཕེབས་པར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་སྣེ་ལེན་མཇལ་འཕྲད་གནང་ཡོད།  སྐབས་དེར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་དང་། ཚོགས་འདུའི་འགྲོ་ལུགས། དེ་བཞིན་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་འགྲེལ་བརྗོད་གནང་རྗེས་གྲོས་ཚོགས་ཀྱི་ཚོགས་ཁང་ནང་གཟིགས་བསྐོར་དུ་ཕེབས་གནང་ཡོད།

ཕྱི་ཚེས་ ༡༠ ཉིན་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གཞུང་འབྲེལ་གསུམ་ཅུའི་དུས་དྲན་ཐེངས་ ༥༩ སྲུང་བརྩིའི་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོར་ཕེབས་གནང་སྟེ་གསུང་བཤད་གཟབ་རྒྱས་གནང་ཡོད།

དེ་ཉིན་ཕྱི་དྲོ་ཆུ་ཚོད་ ༦།༣༠ ཐོག་སྐུ་ཞབས་ཁོང་ལ་ཚོགས་དྲུང་ལས་ཁུངས་ནས་རྡ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ་གསོལ་ཚིགས་ཤིག་འདེགས་འབུལ་ཞུས་གནང་ཡོད་པ་དང་། དེའི་སྐབས་ཐོག་མར་དཔལ་ལྡན་ཚོགས་གཙོ་སྦྲེལ་པོ་མཆོག་གིས་གསོལ་ཚིགས་ཐོག་ཕེབས་པའི་སྤྱི་འཐུས་རྒྱུན་ལས་དང་། ཚོགས་དྲུང་ལས་ཁུངས་ཀྱི་ལས་བྱེད་རྣམས་ངོ་སྤྲོད་གནང་རྗེས། ནམ་རྒྱུན་འཚོ་བའི་ནང་རང་ཉིད་ཀྱི་ཐུན་མོང་མིན་པའི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུའི་གལ་ཆེའི་རང་བཞིན་སྐོར་དང་།  དེ་བཞིན་ཁོར་ཡུག་སྲུང་སྐྱོབ་བྱེད་གལ་ཆེན་པོ་ཡིན་པའི་སྐོར། བཙན་བྱོལ་སྤྱི་ཚོགས་ནང་གི་འོས་བསྡུའི་འགྲོ་ལུགས་སོགས་བོད་མིའི་མང་གཙོའི་འཕེལ་རིམ་ཐོག་བགྲོ་གླེང་ལྷུགས་པོ་གནང་ཡོད། སྐབས་དེར་ཁོང་གིས་ཤིང་ནགས་སོགས་གཅོད་འབྲེགས་ཀྱིས་ཕྱི་དངོས་པོའི་ཨར་ལས་འཛུགས་བསྐྲུན་བྱེད་པ་དེ་ཡར་རྒྱས་མིན་པ་མ་ཟད། དེས་འབྱུང་འགྱུར་ཁོར་ཡུག་ལ་དེ་བས་གནོད་སྐྱོན་ཚབས་ཆེ་བཟོ་བ་དང་། རང་བྱུང་ཁོར་ཡུག་གི་སྣོད་བཅུད་ལའང་དོ་ཕོག་འགྲོ་ཡི་ཡོད་པ་སོགས་གསུངས་གནང་སོང་།

དེ་ནས་དཔལ་ལྡན་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ་སྐུ་ཞབས་ཇོརཇ་བྷེ་ཁར་མཆོག་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཐང་ཞིག་ཕྱག་རྟགས་སུ་ཕུལ་གནང་ཡོད་པ་བཅས་ཀྱི་གནས་ཚུལ་དུ། །

 

Menu