རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༣ པ་ལྡི་ལིར་ (Board Room of Constitution Club) ནང་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ལ་ལྡི་ལིར་བསྐྱངས་པ།

 

[envira-gallery id=”13288″]

བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༢༡ ནས་ ༣༠ བར་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་གིས་གཙོས་དབུས་གྲོས་ཚོགས་གོང་འོག་གི་འཐུས་མི་གྲངས་ ༤༣ ལ་མཇལ་འཕྲད་གནང་རྗེས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༦ ཉིན་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཐེངས་ ༣ པ་དེ་བཞིན་རྒྱ་གར་གྲོས་ཚོགས་ཁྲིམས་སྒྲིག་གི་འགན་འཛིན་ལྷན་ཚོགས་ཚོགས་ཁང་ནང་ ནང་ཕྱི་དྲོ་ཚོུད་ ༦།༠༠ ཐོག་རྒྱ་གར་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་གི་གཙོ་སྐྱོང་འོག་རྒྱ་གར་སྲིད་དོན་ཚོགས་པ་ཁག་ལྔའི་སྐུ་ཚབ་གྲོས་ཚོགས་འཐུས་མི་གྲངས་ ༡༧ དང་བློན་ཆེན་ ༡ བཅས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་ཨཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་དང་། སྤྱི་འཐུས་དཀོན་མཆོག་ཡར་འཕེལ་མཆོག དེ་བཞིན་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དང་། རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་གཙོ་འཛིན། ཚོགས་དྲུང་ལས་ཁུངས་ཀྱི་ཟུང་དྲུང་། འཕགས་བོད་འབྲེལ་མཐུད་ལས་ཁང་གི་ལས་བྱེད་གཉིས་བཅས་ནས་མཉམ་ཞུགས་ཀྱིས་ཚོགས་འདུའི་ཐོག་མར་ Tamil Nadu མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དམ་པ་ལྕམ་སྐུ་ J.Jayalalithaa མཆོག་འདས་གྲོངས་སུ་གྱུར་པར་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངལ་གུས་འདུད་ཞུས་པ་དང་ཆབས་ཅིག ཚོགས་འདུའི་གཙོ་སྐྱོང་སྐུ་ཞབས་ཤན་ཏ་ཀུ་མར་མཆོག་ནས་འཚམས་འདྲི་དང་སྦྲགས་བར་ལམ་གྲོས་ཚོགས་འོག་མའི་ཚོགས་གཙོ་མཆོག་ལ་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་གྲོས་ཆོད་དགོངས་དོན་གཞིར་བཟུང་རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་གསུང་གི་འདུད་བརྩི་སྩལ་གནང་ཡོང་བའི་ཆེད་གྲོས་ཚོགས་ཚོགས་གཙོ་མཆོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གདན་ཞུ་གསོལ་འདེབས་ཞུ་གནང་ཡོང་བ་ཞེས་ཞུས་པ་སོགས་མཇལ་འཕྲད་གནང་བའི་གནད་དོན་ངོ་སྤྲོད་ཞུས། དེ་རྗེས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་འཚམས་འདྲི་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་དང་། བོད་ནང་གི་ད་ལྟའི་གནས་སྟངས། དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང་བོད་མིའི་སྒྲིག་འཛུགས་ངོས་ནས་བོད་ཀྱི་རྩ་དོན་ཐོག་རྒྱལ་སྤྱིའི་ནང་ལས་འགུལ་ཇི་སྤེལ་དང་། ལྷག་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་དགུན་ཁའི་རྒྱ་གར་གྲོས་ཚོགས་སྐབས་ཕྱི་ཟླ་ ༡༡ ཚེས་ ༢༡ ནས་ ༣༠ བར་རྒྱ་གར་གྲོས་ཚོགས་གོང་འོག་གི་འཐུས་མི་ཁག་ལ་མུ་མཐུད་མཇལ་འཕྲད་ཞུ་ཐུབ་པའི་གནས་དོན་ཡང་སྙན་གསན་ཞུས། དེ་ནས་མུ་མཐུད་དེ་ཚོགས་འདུ་སྔོན་མའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། མ་འོངས་ལས་དོན་གནང་ཕྱོགས་ཀྱི་གྲོས་གཞི་རེ་རེ་བཞིན་གྲོས་བསྡུར་ལྷུག་པོའི་ཐོག་གྲོས་ཆོད་ཁག་ཅིག་འཇོག་གནང་ཡོད་པ་དང་། ལྷག་པར་སོག་པོའི་རྒྱལ་ཁབ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སོག་པོར་གདན་ཞུ་གནང་ཐུབ་པར་བསྔགས་བརྗོད་ཀྱི་གྲོས་ཆོད་ཅིག་སྤྱི་མོས་ཐོག་ནས་བཞག་པ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཆེས་སྙན་གྲགས་ཆེ་བའི་ Bharat Ratna གཟེངས་རྟགས་དེ་ཉིད་རྒྱ་གར་གཞུང་ནས་ངེས་པར་འབུལ་གནང་དགོས་པའི་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་ནས་རྒྱ་གར་སྲིད་བློན་མཆོག་དང་མཇལ་འཕྲད་གནང་སྟེ་ཡིག་ངག་གཉིས་ཐོག་ནས་འབོད་བསྐུལ་ཞུ་རྒྱུའི་གྲོས་ཆོད་དང་། གཞན་ཡང་གལ་གནད་ཆེ་བའི་གྲོས་ཆོད་ཁག་ཅིག་བཅས་འཇོག་གནང་ཡོད་པའི་གནས་ཚུལ་དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༦ ཟླ་ ༡༢ ཚེས་ ༧ ལ།།

Menu